ཚོར་བའི་ཐང་མ།

        སེམས་སུ་འཁོར་བ། ཉི་མའི་བྲང་ཁོག་ནས་འབུར་བའི་དྲོད་ཀྱི་མྱོས་བུམ། ཆར་བའི་སྙིང་ག་ནས་འཐོར་བའི་ཚེ་ཡི་བརླན་བག རྡོ་བའི་རྒས་གཉེར་ལས་འགྲིལ་བའི་དུས་ཀྱི་རུས་པ།

དཀོན་མཆོག་ལྷ་ལ་ཞུ་གསོལ།

ང་ཡི་ཕུགས་འདུན་གསོན་པོ་གཙང་བོའི་ངོས་སུ་ཡིབ་པ།། སྨུག་རྒྱུ་མཁའ་རུ་ཟུག་ན་འོད་ཀྱི་མེ་ཏོག་གད་དམ།། གཏམ་རྒྱུད་གང་ཡང་བྱུང་སྲིད་རྨི་ལམ་གློ་ཁ་ཨེ་རེད།། གདངས་ལ་ཉམས་ཤིག་མེད་ན་སྙིང་ལ་ཁ་ཚས་གདུང་བ།།

སྐད་ཅིག་གི་འཆར་སྣང་།  

སེམས་ཚོར་ངར་མ་མེ་ལྕེ་བཞིན་དུ་མཆེད།། མཚན་ལྗོངས་ཟླ་འོད་རི་བོའི་ཕག་ཏུ་ཡིབས།། དྲན་པའི་ན་ཟུག་ཁབ་རྩེ་རྣོན་པོ་ལྟར།། གས་ཆག་ཤོར་བའི་སྙིང་ཆུང་ཁ་རུ་གཙེ།།

ཁ་བའི་ཨ་ཅེ།

རྨི་ལམ་དཀར་པོའི་འཇིག་རྟེན་མལ་དུ་བཞག། རི་ཆུའི་འཕྲང་རིང་སེམས་ཀྱིས་ཉུག་པའི་རྗེས།། དྲན་པའི་མཚོ་མོ་སྐྱོམས་པའི་རླབས་རིས་ལས།། ཟེགས་མ་ཆུང་ཆུང་ཞིག་གི་འཛུམ་མདངས་གད།།

མངའ་རིས་དྲན་གླུ།

འཛམ་གླིང་ཟླུམ་པོའི་ཏོག་ཏུ་བརྗིད་པ་ལྷུན་པོ་གངས་དཀར་ཏི་སེ་དང་།། རིན་ཆེན་གཡུ་ཡི་མེ་ལོང་རྗེས་འགྲོ་ཡན་ལག་བརྒྱད་ལྡན་མ་པང་མཚོ།། བགྲང་ཡས་སྨན་ཏོག་དྲི་བཟང་དཔག་ཚད་ཁྱབ་པའི་སྤོས་རི་ངད་ལྡན་སོགས།། བྱིན་ལྡན་གནས་རི་འགངས་ཆེན་མང་བའི་ཡུལ་ལྗོངས་མངའ་རིས་སྐོར་གསུམ་དྲན།།