ཁ་བའི་ཨ་ཅེ།

རྩོམ་ཡིག་འདི་ཐེངས། 261 བཀླགས་འདུག

Screen Shot 2015-11-04 at 12.17.41 AM
རྨི་ལམ་དཀར་པོའི་འཇིག་རྟེན་མལ་དུ་བཞག།
རི་ཆུའི་འཕྲང་རིང་སེམས་ཀྱིས་ཉུག་པའི་རྗེས།།
དྲན་པའི་མཚོ་མོ་སྐྱོམས་པའི་རླབས་རིས་ལས།།
ཟེགས་མ་ཆུང་ཆུང་ཞིག་གི་འཛུམ་མདངས་གད།།

དབུགས་ཆ་སྐར་མ་བརྩེགས་པའི་ལོ་ཟླའི་ཁྲོད།།
བརྩེ་འདང་ཁ་བར་བཞུས་ཏེ་ཡི་གེར་བཏགས།།
སེམས་ཀྱི་དབྱངས་གསལ་བཞུར་བའི་ཆུ་བོའི་རྒྱུན།།
མགྲིན་པའི་སྦུ་གུ་བརྟོལ་ནས་ཤག་ཤག་བབས།།
ལུག་ཁྱུ་རི་ལ་བགོས་པའི་སྤང་ཁུད་ཀྱི།།
ལང་ཚོ་འོ་མས་སྦངས་པའི་སྐྱེ་འབྲས་དང་།།
བཅུ་དྲུག་ཟིལ་པ་བབས་པའི་མཛེས་སྡུག་གཉིས།།
སྡེ་བའི་མིག་གི་དཔྱིད་དུ་ལྷམ་མེར་འཛུམ།།
དབྱར་གསུམ་ཆར་རླུང་སྨུག་པའི་ལྟེབས་ཆག་ཏུ།།
དཀར་གཙང་འོ་མའི་མཆོད་ཀ་ལྷ་ལ་འཕེན།།
རུ་སྡེའི་སྦྲ་ནག་བསྟར་བའི་ལྷས་འདབས་ནས།།
དགོ་དགོ་འབྲི་མོའི་བཞོ་དབྱངས་སིང་སིང་གྱེར།།
དགུན་གསུམ་གངས་སྦུད་ལྷགས་པ་འུར་འུར་གསེང་།།
ཟླ་བའི་ཞལ་ངོ་སྒང་ཟེའི་རླུང་ལ་འཁྲུད།།
ནོར་ལུག་རྨིག་རྗེས་ཁ་བའི་ངོགས་སུ་དཔར།།
གངས་རིའི་སྒང་གཤོང་གོམ་པའི་འགྲོས་ཀྱིས་བཅད།།
སྟོན་གསུམ་བ་མོའི་ཁ་ཞག་ཁྱོར་བས་འཆུ།།
སུག་པའི་ཡལ་གས་མེ་ཏོག་འདབ་ལོ་བསེད།།
དུང་བའི་སེམས་འཕྲིན་ལ་གླུའི་དབྱངས་ལ་བཀུག།
གསེར་མདོག་རྩྭ་ཐང་དཀྱིལ་ན་ལུག་བརྒྱ་བསྟར།།
དཔྱིད་གསུམ་ཆར་ཆུ་སོ་མས་ལན་བུ་ནེམ།།
ལུ་གུ་མེ་ཏོག་རྣ་བའི་ཚར་ལོར་བཏགས།།
མིག་ཟུང་དྭངས་མོས་སྤང་རིའི་འགོ་མཐའ་ཉུལ།།
ཐུལ་དཀར་འབྲི་མོ་རྒྱངས་རིང་མིག་གིས་འཚོ།།
མཐོ་སྒང་ཁ་བའི་ཁྲོད་ན་ཁྱེད་ཉིད་མཛེས།།
ཁ་བའི་འདབ་མ་ཁྱོད་ཀྱི་སེམས་པ་ཡིན།།
ཁ་བའི་ཨ་ཅེ་གངས་རིའི་བདག་མོ་ཡིན།།
ཁ་བའི་འབྲོག་མོའི་ཁ་འབྲས་ཁ་བ་ཡིན།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *