དཀོན་མཆོག་ལྷ་ལ་ཞུ་གསོལ།

རྩོམ་ཡིག་འདི་ཐེངས། 228 བཀླགས་འདུག

ང་ཡི་ཕུགས་འདུན་གསོན་པོ་གཙང་བོའི་ངོས་སུ་ཡིབ་པ།།
སྨུག་རྒྱུ་མཁའ་རུ་ཟུག་ན་འོད་ཀྱི་མེ་ཏོག་གད་དམ།།
གཏམ་རྒྱུད་གང་ཡང་བྱུང་སྲིད་རྨི་ལམ་གློ་ཁ་ཨེ་རེད།།
གདངས་ལ་ཉམས་ཤིག་མེད་ན་སྙིང་ལ་ཁ་ཚས་གདུང་བ།།

ཚེ་རབས་གཏན་གྱི་དམ་ཆོས་ཡིད་དུ་ལྷུང་བའི་ལྷ་མོ།།
ཁྲེལ་ཡོད་ཤེས་རབ་སྲས་པོས་འཕག་འཚག་བྱས་པ་མིན་ན།།
བརྩེ་དུང་ཟབ་མོ་ཞིག་དང་འབྲལ་མེད་དམ་བཅའ་འདི་ཀོ།
གཙུག་ལག་གྲལ་གདན་སྟེང་ལ་སྤྲིན་པར་ཤར་བ་མཚར་རོ།།
ང་ཡིས་ཁྱེད་ཀྱི་མདུན་ནས་གསེར་གྱི་གོས་ཤིག་གྱོན་ཡོད།།
གོས་དེར་ནང་དོན་མངའ་བ་སྔོན་ནས་ཤེས་པ་མིན་ན།།
སྐྲ་ལོའི་ཉག་མ་རེ་རེར་རལ་གྲི་བཤེེར་དགོས་མེད་ལ།།
དབེན་པའི་ཁང་མིག་ནང་ནས་གཟེད་དགོས་དེ་ལས་མེད་དོ།།
ངེས་ཤེས་ཁ་བ་དཀར་པོའི་ཟེགས་མས་བྲིས་པའི་ཨ་ཡིག།
མཆོག་གསུམ་སྐྱབས་ཀྱི་དྭངས་མ་སྤྱན་གྱིས་ང་ལ་གཟིགས་ཤིག།
བསླབ་གསུམ་གངས་ཀྱི་རི་ལ་རི་སྐྱེས་སྣ་མང་བཞད་པ།།
དུས་མཐའི་བསྟན་པ་ཟེར་ན་འགྲེལ་བཤད་འདི་ལས་ཡོད་དམ།།
ཚེ་སྲོག་མ་འགག་བར་དུ་གནད་ཚིག་སེམས་རྩར་ཉར་ཡོད།།
གཡོ་བག་སྤྱོད་ཅན་ཞིག་ལ་ཨ་ཇོའི་གཅེས་ཕོར་མི་དབང་།།
མི་ཁ་སྨྱུག་ཆུ་ནག་པོས་གདོང་ལ་ནག་ཐིག་ཕབ་ཀྱང་།།
བསླུ་མེད་དཀོན་མཆོག་རྣམ་གསུམ་སྙིང་གི་གནམ་མཁའ་སྔོན་པོ།།
རྣམ་རྟོག་ནགས་ཚལ་སྟུག་པོ་སྲིད་པའི་རླུང་གིས་ཕྱེས་པས།།
མཚམས་དེར་ང་ཡི་འཇིག་རྟེན་ཁྱེད་ཀྱི་འཇིག་རྟེན་མིན་པ།།
འོན་ཀྱང་ཀུན་རྟོག་བྱིས་པ་མཚན་གྱི་མུན་པར་འཕྲད་ཚེ།།
ཅིས་ཀྱང་སེམས་ཀྱི་གུས་ཕྱག་འཚལ་ས་ཁྱེད་ལས་མི་འདུག།
ང་ཡིས་ཁྱེད་ཀྱི་སྣང་བརྙན་མངོན་གསུམ་ལྷ་རུ་བཞེངས་ཡོད།།
སྟེང་ལ་པར་ཅིག་བྲིས་ཡོད་བཞུགས་ཁྲི་རང་ཉིད་བྱས་ཡོད།།
འདོད་སློང་ཉོན་མོངས་སྲིན་མོ་སྔུན་ནས་ལན་བརྒྱར་བགད་ཀྱང་།།
འུ་གཉིས་གསང་གཏམ་ཟུར་ཙམ་ཁོ་ཚོར་ག་ལ་བཤད་ཕོད།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *