ཚོར་བའི་ཐང་མ།

རྩོམ་ཡིག་འདི་ཐེངས། 303 བཀླགས་འདུག

        སེམས་སུ་འཁོར་བ།
ཉི་མའི་བྲང་ཁོག་ནས་འབུར་བའི་དྲོད་ཀྱི་མྱོས་བུམ།
ཆར་བའི་སྙིང་ག་ནས་འཐོར་བའི་ཚེ་ཡི་བརླན་བག
རྡོ་བའི་རྒས་གཉེར་ལས་འགྲིལ་བའི་དུས་ཀྱི་རུས་པ།

དར་ལྕེ་ལྷབ་ལྷུབ་ཏུ་གཡོབ་པའི་རླུང་གི་ལག་པ།
བསང་དུད་ལང་ལོང་དུ་སྒུལ་བའི་མེ་ཡི་དཔུང་བ།
ཆོས་སྐད་ལྷང་ལྷང་དུ་འབྱིན་པའི་དབུགས་ཀྱི་བརྩེ་བ།
འཇའ་ཚོན་གྱི་རས་ཡོལ་བརྟོལ་བའི་མགོ་བོ་ཆེན་པོ།
མགོ་བོའི་ཀླད་ཞོ་ལ་འཁྲིལ་བའི་འོད་ཀྱི་རྨུ་ཐག
ག་དུས་ཡིན་ཡང་།
སེམས་ལ་ཡང་ཡང་འཁོར་ཡོང་།
      སྒྱུ་མའི་སྒལ་བ། 
སྒྱུ་མའི་ཐོང་ག་ནས་འགྲེང་སྟེ།
མིག་ཟུང་རིག་རིག་འགུལ་དུས།
རྡུལ་འཚུབ་ཀྱི་འཚང་ཁས་མགོ་ལ་བྱིལ་བྱིལ་གཏོང་།
ཁ་རོག་སྡོད་ཟེར་བ་འདྲ་བའི།
སྙིང་མ་རྗེ་ཟེར་བ་ལྟ་བུའི།
གབ་ཚིག་གི་ལག་པ་དེ་ཡིད་ལ་འཁོར་ན།
ཚོད་ཚོད་ལ་ཁ་ལོ་བསྐྱོགས་ཏེ།
ལམ་བུ་ཞིག་ཧར་གྱིས་བཏོད་སྙམ་གྱི་སྒལ་བ་འབུར་བར་བྱེད།
ཅང་མི་འགོར་བར
རྩ་རྒྱུས་ཐམས་ཅད་འཇམ་ཅག་གེ།
དེ་ནི་ཐབ་འོག་གི་མེ་བྲུས་པའམ།
མུན་ཁྲོད་ཀྱི་གློག་གཟིམ་པ་དང་འདྲ་བས།
ལྷིང་འཇགས་ཁོ་ནས་གད་མོ་དགོད་པར་བྱེད།
    དཀའ་ཁག
རླུང་བུས་རྡུལ་དེད།
ཆུ་བོས་འདམ་དེད།
ཁ་བས་གྲང་ངར་དེད།
སོ་སྒྲ་འཆའ་བཞིན་ཕྱི་མིག་ཤོར།
ཕྱི་མིག་སེམས་ཀྱི་མཐིལ་ལ་ཤོར།
དགུན་གཞུང་འདི་ལ།
དབྱར་ཁ་ཞིག་མཐོང་རྒྱུ་དེ།
ནམ་མཁའི་ཕ་རོལ་མཐོང་བ་ལས་ཀྱང་དཀའ་བར་འདུག
      འཁོར་བ།
ས་གཞི་ལ་ཐིག་བཏབ་ནས་གྱང་ཞིག་བརྡུངས།
གྱང་གི་ཁ་ལ་གྱང་ཞིག་མཐུད།
ཀ་རྡོའི་ཐོག་ཏུ་ཀ་རེ་བརྩངས།
དེ་ལ་ཁྱིམ་གཞི་ཞེས་བཏགས།
བ་མོ་ཞིག་ཉོས།
འོ་ཟོ་ཞིག་བཟོས།
དེ་འཛིན་པའི་བུ་མོ་ཞིག་བསུས།
བྱིས་པ་ཞིག་གི་ངུ་སྐད་ཀྱིས།
རྨོ་བོ་དགོད་དུ་བཅུག
ངུ་སྐད་ཀྱིས་དགོད་སྒྲ་དྲངས་པ་དེ
གཅིག་ན་རྒྱུ་འབྲས་མིན་པ་འདྲ་ཡང་
འདི་ནི་འཁོར་བའོ།
      སྟོན་མཇུག
སྡོང་ལོ་སེར་བོ་རྒྱ་ཕིབས་ཀྱི་ཁ་གཏད་ན།
རླུང་བུས་གཡེར་དྲིལ་སྒུལ་དུས།
ལོ་མ་སྒེག་ཉམས་ཀྱིས་གར་ལ་འགྲོ།
གྲྭ་བའི་གཟན་སྣེ་ཡང་ལྷབ་ཙམ་ལྷབ་ཙམ་བྱེད།
རླུང་བུ་དེས   གཞན་ཞིག་ཀྱང་སྒུལ་ཡོད་ངེས།
གཞན་དེའང་གཞན་མ་ཡིན་པར་ང་ཡིན་ཡང་སྲིད་དེ།
ངའི་གངས་རི་དང་མར་མེ་རླུང་ཁ་ན་ལུས་ཡོད།
      དེང་རབས།
འུར་སྒྲས་རྣ་བ་འགས་པར་བྱེད།
འུར་སྒྲས་བྱང་ཁོག་ཡོམ་པར་བྱེད།
ངོ་གདོང་མི་འདྲ་བ་དག
འུར་སྒྲའི་རླུང་གིས་བཏེགས་ཏེ།
སྐབས་རེར་ཤེལ་དང་གྱང་ལས་འཆར།
ལན་རེར་ཆུ་དང་མཚོ་ལས་མངོན།
སྨན་དང་ཁ་ཟས་རྫུན་མ་དག་གིས་ཀྱང་
འུར་སྒྲའི་ཕྱི་ཐུམ་མཛེས་པོ་རེ་གྱོན་ཏེ།
སུ་ཞིག་གི་རྒྱུ་མཐིལ་འགྲིམ་གྱིན་འདུག
དུས་ཚོད་འདི་ལ་འུར་སྒྲའི་འབུ་ཕྲ་ཡིས་མ་ཟིན་པ་ཞིག་གང་ན།
      ཉི་མའི་ཕྱི་མིག
རི་རྩེ་རུ་འཁྱུད་པའི།
ལུང་མདོ་རུ་ཟུག་པའི།
ལྗོན་ཤིང་གི་ཚང་ཚིང་བརྟོལ་བའི།
འོད་ཀྱི་ཕུང་བོ་དག་གིས།
ད་ནི་ཨོང་ཤ་ནུབ་རིར་ཕབ་སྟེ་ཕྱི་མིག་འཕངས་འདུག
ཚང་མལ་སྙེག་པའི་བྱེའུ་ཁྱུ་དང་།
སློབ་གྲྭ་གྲོལ་བའི་བྱིས་པ་དག
གནམ་དང་ས་རུ་འཕུར་གྱིན་འདུག
ཉི་མའི་ཕྱི་མིག་གི་ཟེར་མ་སྒུལ་གྱིན་འདུག
ཅུང་ཙམ་ནས་ས་རུབ་ཀྱང་།
ཟླ་བ་མེད་ཀྱང་།
ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་ཡོད་པས།
ཉི་མས་ཕྱི་མིག་བསྡུས་ཏེ།
འཕོངས་ཀྱི་ས་རྡུལ་སྤྲུགས་པར་བྱེད།
དེ་ནི་བུ་ཆུང་གི་རྒྱབ་གཟུགས་ལ་ཡུན་རིང་ཅེར་ནས།
འཁྲེང་ཞེན་གྱིས་ལོག་པའི་རྒན་མོ་ཞིག་གི་བརྩེ་བ་འདྲ།
སྤུན་ཟླ། ཁྱེད་ཡོང་ཁར་མ་རྒན་གྱི་མིག་མཐའ་ཨེ་མཐོང་།
     ཁ་བའི་ཕྱི་ནང་།
ཞོགས་པས་བསྣམས་ཡོང་བའི།
ཁ་བའི་ཕྱེ་མ་རླུང་གིས་བསྐྱོད།
ཡབ་མེས་ཀྱི་མགོ་འཕང་ལྟ་བུའི་རི་རྩེས།
དངུལ་གྱི་ཁྲབ་རྨོག་ཅིག་གསོལ་ཏེ།
སུ་ཞིག་གི་བཀའ་ལུང་ལ་སྒུག་འདུག
རྒྱལ་ཁ་ནི་ནམ་ཡང་གྲ་སྒྲིག་ཅན་ལ་དབང་བ་བཞིན།
རི་ལུང་ཞབས་འོག་ཏུ་བཅུག་པའི།
མཐའི་སོ་སྲུང་གི་དཔའ་མཛངས་དེ།
རི་རྩེའི་ཁ་བ་ཡིས་སྐྱོར་འདུག
ནམ་མཁའ་མཐའ་མེད་ཀྱི་འོག་ནས།
རང་གི་མགོ་བོ་བཀྱགས་མྱོང་བའི།
ལོ་རྒྱུས་ཀྱི་ཞལ་ཐང་འདྲ་བའི་རི་བོ་འདི།
རི་རྩེའི་དཀར་སོབ་སོབ་ཀྱི་ཁ་བ་འདི།
ནམ་ཞིག་མཐོང་ལམ་ནས་ཡལ་སྲིད་དམ།
དེ་དུས་ཁ་བ་དྲན་མཁན་ཡང་དུ་ཡོད་དམ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *