ལྷ་བབ་དུས་ཆེན་སྐོར་གྱི་གླེང་མོལ།

​​​ ། སྙན་བཟང་བསོད་ནམས་གཡུང་དྲུང་།    ལོ་རེའི་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཀྱི་ཉིན་མོ་ནི་ལྷ་བབ་དུས་ཆེན་དུ་གཏན་འཁེལ་ཡོད། དེ་ལ་བོན་པོའི་བཤད་ཚུལ་ལ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་ནམ་མཁའི་ལྷ་བྲན་གྱི་འཁོར་དང་བཅས་སྟག་གཟིག་འོལ་མོ་ལུང་རིང་གི་གསས་ཁང་དཀར་ནག་བཀྲ་གསལ་དུ་བབ་ནས་སྟོན་པས་གསུངས་པའི་བོན་ལ་ཀློག་བཤད་བཀའ་ཡི་འཁོར་ལོ་བསྐོར་བ་དེ་ལ་ལྷ་བབ་དུས་ཆེན་ཟེར། གདུང་སོབ་མུ་ཆོ་ལ་སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་སྟེ་འཛམ་གླིང་ཐ་གྲུ་ཀུན་ལ་བོན་བསྟན་སྤེལ་བའི་ལོ་རྒྱུས་ཤིན་ཏུ་རིང་བ་ཡིན། བན་དེ་རྣམས་ཀྱིས་བཤད་པ་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པའི་མ་ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་དགའ་ལྡན་དུ་སྐྱེ་བ་བླངས་ཤིང་སྟོན་པ་དེ་ལ་བལྟ་རུ་བྱོན་ནས་སླར་མི་ཡུལ་དུ་མར་བབ་པ་དེ་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་འཁེལ་སྟབས། སྟོན་པ་ལྷ་ལས་བབ་པའི་དུས་ཆེན་ཞེས་ཟེར་བ་རེད།  གོང་དུ་བཤད་པ་ལྟར་སྟོན་པ་གཤེན་རབ་མི་བོའི་རྒྱལ་ཚབ། གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་ལྷ་ལས་བབས་ནས་འོལ་མོ་ལུང་རིང་གི་གསས་ཁང་དཀར་ནག་བཀྲ་གསལ་དུ་བོན་འཁོར་བསྐོར་བའི་དུས་སུ་སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་བ། རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ། ཧུ་ལུ་སྤར་ཡ། གཡུང་དྲུང་བློ་གསལ་གསུམ། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གདུང་སོབ་སྟོན་པའི་མདུན་དུ་བྱོན་ནས་གཡུང་དྲུང་བོན་གྱི་གཞུང་ལ་སྦྱང་བ་མཛད་དེ་མཁས་པར་གྱུར། དེའང་གཡུང་དྲུང་བོན་གྱི་བཀའ་འགྱུར་ལས་རྒྱུད་སྡེའི་སྐོར་ཀུན་འབུམ་གོ་འབྱེད་མངོན་རྟོགས་རྩ་བའི་འབུམ་ལས། ང་ནི་མྱ་ངན་འདས་འོག་ཏུ།། ཀུན་མཁྱེན་མུ་ཆོས་བསྟན་པ་འཛིན།། དེ་ལ་དགྱེས་པའི་གཤེན་པོ་ཡང་།། ཤར་ཕྱོགས་རྒྱ་ནག་རྒྱལ་ཁམས་སུ།། ལེགས་ཏང་རྨང་གིས་ཕྱི་རིག་འཆད།། ལྷོ་ཕྱོགས་རྒྱ་གར་རྒྱལ་ཁམས་སུ།། ལྷ་བདག་སྔགས་གྲོལ་ནང་རིག་འཛིན།། ནུབ་ཕྱོགས་ཏ་ཟིག་རྒྱལ་ཁམས་སུ།། དགྲ་བཅོམ་རྒྱལ་པོས་མཚན་མ་འཆད།། བྱང་ཕྱོགས་ཁྲོམ་གྱི་རྒྱལ་ཁམས་སུ།། གསེར་ཐོག་ལྕེ་འབྱམས་གསོ་རིག་སྟོན།།དབུས་ཕྱོགས་ཞང་ཞུང་སྨར་ཡུལ་དུ།། གྷ་ཏྲ་པ་ཡིས་སྒྲ་རིག་སྒྲོགས།། དེ་ལས་སོགས་པའི་གཤེན་ཕྲན་ཡང་།། གནས་ལྔའི་དོན་ཤེས་གྲངས་མེད་འབྱུང་།། བསྟན་པ་བོན་ཡང་འདི་ཡིས་སྐྱོངས།། ཤེས་དང་། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི།། བསླབ་གསུམ་ཚུལ་འཛིན་སྒྲ་ཚད་རིག་དབང་བསྒྱུར།། རེས་འགར་རྣལ་འབྱོར་རེས་འགར་སྔགས་འཆང་ཆས།། ཕྱི་ནང་བོན་སྒོ་ཡོངས་ཀྱི་བརྒྱུད་པ་འཛིན།། ཞེས་གསུངས་པས། མཁས་པ་དེ་དག་སླར་རང་རང་གི་ཡུལ་དུ་བྱོན་ནས་བསྟན་པ་སྤེལ་བ་དང་། དེ་དག་གི་ཞབས་ལ་གཏུགས་པའི་སློབ་མ་མང་པོ་དང་། སློབ་བརྒྱུད་ཡང་བརྒྱུད་དུ་ཞང་བོད་གྲུབ་ཆེན་བརྒྱད་ཅུ་སོགས་མདོ་དབུས་ཁམས་གསུམ་གྱི་ས་ནས་བོན་གཤེན་རིག་འཛིན་བགྲང་གིས་མི་ལང་བ་བྱོན་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་སྤེལ་ནས་དར་བ་ལགས།  གདུང་སོབ་སྟོན་པ་བྱོན་པའི་ལོ་ཚིགས་ཀྱི་ཐད་ལ་མཁས་པ་རྣམས་ཞལ་མཐུན་པ་ཞིག་ཡོང་མེད། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱི་བསྟན་རྩིས། སྐལ་ལྡན་དང་འདྲེན་གྱི་ལུགས་གཅིག་ལ་ཤིང་འབྲུག་དང་། ལུགས་གཅིག་ལ་ཆུ་ཁྱི། མཁན་ཆེན་ཉི་མའི་ལུགས་ལའང་ཤིང་འབྲུག་ཡིན་མོད། དེ་དག་ལ་མི་ལོ་མང་པོའི་བར་ཁྱད་ཡོད་པ་བཤད་མ་དགོས་ཤིང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་ལ་མཛད་པའི་གླེང་གཞི་བསྟན་པའི་བྱུང་ཁུངས་ལས། བསྟན་པའི་གཙོ་བོ་ཤིང་ཕོ་བྱི་བའི་ལོ་ལ་འཁྲུངས། མི་ལོ་སུམ་སྟོང་ལྔ་བརྒྱ་ལ་བཞུགས། དེའི་ལུང་ལོ་རྒྱུས་སུ་དྲངས་ཚར། ཆུ་མོ་ལུག་གི་དགུན་ཟླ་ར་བའི་གནམ་སྟོང་ལ་གཤེགས། ཤེས་པ་ནས། སྟོན་པ་མྱ་ངན་འདས་ནས་མི་ལོ་བརྒྱད་ནས་མུ་ཆོ་བྱོན་ནས་མི་ལོ་གསུམ་དུ་བཞུགས་པར་མདོ་ནས་གསུངས། དེ་ནས་ལི་ཤུ་ལོ་བརྒྱད་བཞེས་དུས་དང་མཇལ་བར་ཤུགས་ལ་ཟེར་རོ།། ཞེས་གསུངས་པ་འདིའི་ལུགས་སུ་ཆུ་ལུག་སྤྱི་ལོ་སྔོན་གྱི་ལོ༡༦༥༨ལ་རྣམ་མཁྱེན་སྟོན་པ་གཤེན་རབ་སྐུ་མྱ་ངན་ལས་འདས། དེ་ནས་ལྕགས་ཕག་སྤྱི་ལོ་སྔོན་གྱི་ལོ༡༦༥༠ལ་གདུང་སོབ་མུ་ཆོ་ལྡེམ་དྲུག་སྟོན་པའི་རྒྱལ་ཚབ་ཏུ་བྱོན་པ་ཡིན་ནོ།། སྟོན་པ་ཤཱཀྱ་ཐུབ་པས་མ་ཡི་དྲིན་ལན་གསབ་ཆེད་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཟླ་བ་གསུམ་འགོར་བ་དང་། ཡུམ་སྒྱུ་འཕྲུལ་ལྷ་མོ་ལྷ་ཡུལ་དུ་ལུས་བླངས་པར་ཆོས་གསུངས་ནས་སླར་མི་ཡུལ་དུ་བྱོན་པའི་དུས་ཆེན་ཡིན་ཞེས་བན་དེ་ཕྱོགས་ནས་དད་འབངས་རྣམས་ཀྱིས་བརྩི་སྲུང་ཆེན་པོ་བྱེད། འོན་ཀྱང་རྒྱ་གར་བྲམ་ཟེའི་རིག་གཞུང་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པ་ལྷ་ཡུལ་དུ་བྱོན་པ་མ་ཡིན་པར་སུམ་ཅུ་རྩ་གསུམ་སྟེ་བོད་ཡུལ་དུ་ཡོད་པའི་གངས་ཏི་སེ་ལ་གནས་བསྐོར་དུ་བྱོན་ནས་ཕྱིར་ལོག་པའི་དུས་ཆེན་ཡིན། སྟོན་པ་ཤཱཀྱ་ཐུབ་པ་སྐྱེལ་བསུ་དང་གདན་འདྲེན་བྱེད་མཁན་ནི་ལྷ་ཚངས་པ་དང་དབང་ཕྱུག་ཡིན་པ་རྒྱ་གར་བྲམ་ཟེའི་རྡོ་བརྐོས་ན་མང་དུ་མཐོང་རྒྱུ་ཡོད། ལྷ་ཚངས་པ་དང་དབང་ཕྱུག་གི་གནས་སུམ་ཅུ་རྩ་གསུམ་གངས་ཏི་སེ་ཡིན་པ་རྒྱ་གར་རིག་བྱེད་དང་བྲམ་ཟེའི་གཞུང་ན་གསལ། རིག་བྱེད་ཀྱི་བྱུང་ཁུངས་ཐད“སུ་གང་གིས་ཀྱང་མ་བྱས་པར་གདོད་མ་ཉིད་ནས་ཡོད་པར་འདོད་པ”སོགས་བཤད་ཚུལ་མང་དུ་མཆིས་ལ། “དེང་སང་གི་མཁས་དབང་འགའ་ཡིས་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་རྗེས་སུ་རྒྱ་གར་ནུབ་བྱང་ཕྱོགས་ནས་ཧིན་རྡུའི་ཆུ་བོ་འབབ་ཡུལ་དུ་ཞུགས་པའི་ཡ་ལི་ཨན་མིས་གནའ་བོའི་ཏ་ཟིག་ལས་ཁྱེར་འོང་བའི་རིག་གནས་ཤིག་ཡིན་པར་བཞེད་པ”སོགས་ཡོད།  ཞང་ཞུང་ནི་རྒྱ་གར་དབུས་འགྱུར་ནུབ་བྱང་དུ་ཡོད་ཅིང་རྒྱ་གར་བ་རྣམས་ཀྱིས་བྱང་ཤམ་བྷ་ལའང་ཟེར། ཞང་ཞུང་ག་ཁྱུང་སྤུངས་པ་ལ་དངོས་གྲུབ་བབས་པའི་གསང་བ་སྔགས་ཀྱི་བོན་སྐོར་རྒྱ་གར་བ་གསས་འོད་གཡུང་དྲུང་གི་རིང་ལ་རྒྱ་གར་དུ་དར་བ་ལེགས་བཤད་མཛོད་སོགས་ལས་བཤད། དེ་མ་ཟད་གདུང་སོབ་མུ་ཆོའི་སློབ་མ་རྒྱ་གར་ལྷ་བདག་སྔགས་གྲོལ་ཡང་ཡ་ལིས་ཨན་མིས་ཏ་ཟིག་གི་རིག་གནས་རྒྱ་གར་དུ་ཁྱེར་བ་དང་དུས་རགས་པ་མཉམ་པས། འདི་ལ་དཔྱད་གཞི་ཆེན་པོ་ཡོད་ཀྱང་དུས་ཆེན་སྐོར་གྱི་གླེང་མོལ་ཡིན་པས་ཕྱོགས་གཞན་དུ་འཕྲོས་ནས་བཤད་པ་བསྐྱུང་ངོ་།། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་ངོ་དེབ་ཐོག་ཏུ།”དེ་རིང་ནི་དགུ་པའི་ཉི་ཤུ་གཉིས་ཏེ། ཟས་གཙང་ཚང་སྲས་སྐུ་ཞབས་ཧི་མ་ལ་ཡའི་རི་རྒྱུད་ནས་དབུས་འགྱུར་འཆང་དུ་ཕྱིར་ཕེབས་གྲུབ་པའི་ཉིན་མོ་ཡིན། ཉིན་དེར་ཤཱཀྱའི་ཚོགས་མི་མང་པོ་མཉམ་འཛོམས་ཀྱིས་སྲས་སྐུ་ཞབས་ལ་ཕེབས་བསུ་གྲ་རྒྱས་ཞུ་པས། དེ་ནས་བཟུང་ཉིན་འདིར་ལྷ་བབ་དུས་ཆེན་ཞེས་བཏགས་ནས་ད་ལྟའི་བར་ཁོང་གི་ཆོས་ལུགས་པ་ཚོས་བརྩི་སྲུང་ཞུ་བའི་སྲོལ་བྱུང་བ་ཡིན།” ཞེས་བྲིས་ཡོད།  འཛམ་བུ་གླིང་གི་ལྟེ་བ་གངས་དཀར་ཏི་སེ་འདི་ཆོས་ལུགས་གྲུབ་མཐའ་མང་པོ་ཞིག་གི་དད་པ་བྱེད་ཡུལ་དུ་གྱུར་ཡོད། …

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པ་ལ་ལྟ་བའི་མེ་ལོང་། ཁག་གསུམ་པ།

། རྨེའུ་མཁས་པ་དཔལ་ཆེན་གྱི་སློབ་བུའི་ནང་ནས་སྟོན་པ་ཞེས་པའི་མཚན་སྙན་ཐོབ་མཁན་གང་དག་ཡིན། ལན།༽    མར་སྟོན་དང་།   སེ་སྟོན་དང་།  ཞང་སྟོན།  ཞུ་སྟོན་དང་།  སྤ་སྟོན་དང་།  གཤེན་སྟོན་དང་། ཇོ་སྟོན་དང་བཞིའོ། ། རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་དགུ་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད། ལན།༽   མར་སྟོན་ལ་གཙང་གཙུག་གི་སྡོམ་པ་གནང་ཞིང་།  མདོ་སྟོད་སྨད་ཀྱི་གྲྭ་བ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་སྐོར་བྲིས་ཡོད།  དཔལ་ཆེན་གྱི་གཅེན་པོ་འཁོར་ལོ་རྒྱལ་པོ་གྲོངས་ནས་བུ་སྨད་དང་གྲྭ་བ་རྣམས་ཀྱིས་གཤེགས་རྫོང་མཐར་ཕྱིན་མཛད་མཐར་རྨེའུ་མཁས་པ་དཔལ་ཆེན་ཁམས་མི་བདེ་བ་ཞིག་བྱུང་བས།   བཟང་རིའི་གྲྭ་སྐོར་རྣམས་ལ་གདམས་ངག་ཅི་ཞིག་གནང་། ལན།༽  ང་ན་ན་ན་བས་དགའ་སྟེ་སྒྲིབ་པ་འབྱང་། ན་བ་མེད་ན་མེད་པས་དགའ་སྟེ་ལུས་སེམས་བདེ། ལུས་སེམས་བདེ་བས་དགེ་སྦྱོར་འཕེལ། ཡིན་ཀྱང་བདེན་པ་ཞིག་བསྟེན་དགོས།  ཞེས་གདམས་པ་མང་དུ་གསུངས། རྨེའུ་མཁས་པ་དཔལ་ཆེན་ཉིད་ནས་སྙེ་མོ་བཟང་རིའི་གདན་ས་སློབ་མ་སུ་ལ་གཏད། ལན།༽   སྤ་སྟོན་འོད་གསལ་རྒྱལ་མཚན་ལ་གཏད།   སྐབས་དེར་བཟང་རི་རྨེའུ་ཚང་དགོན་པ་གྲྭ་བ་སྟོང་གཅིག་ལྷག་ཡོད་པར་གསལ། རྨེའུ་མཁས་པ་དཔལ་ཆེན་ལ་སྙུང་གཞི་ཐེབས་པས་རྐྱེན་གྱིས་ཐུགས་གཟས་ནས་ཆང་གསོལ་བ་ཡིན་ནམ།  ལན།༽   ཐུགས་གཟས་ནས་གསོལ་བ་མ་ཡིན་ལ།  རྨེའུ་མཁས་པ་དཔལ་ཆེན་ཉིད་སྐོམ་དྲགས་པས་སློབ་མ་གཤེན་གསང་ཆེན་སྐོམ་ཞིག་སློང་དུ་བཏང་ནའང་། སྟབས་མ་ལེགས་པ་ཞིག་ལ།  ཏག་ཏག་ཆུ་ཟད་སོང་བས། གནས་མོ་ཆུ་ལེན་དུ་འགྲོ་བའི་ཤུལ་དུ་ཁེལ།  གཤེན་གསང་ཆེན་གྱིས་ཆང་ལས་མི་འདུག་ཞུས་པས།   ཆང་ཀ་བསླང་གསུངས་པས།   ཆང་མང་རབ་ཅིག་གསོལ་ཏེ།   གྲྭ་བ་རྣམས་ལ་བཀྱོན་པ་མང་དུ་མཛད་ཅིང་ཚིག་རྩུབ་ཀྱང་མང་དུ་ཤོར་རབས་ཡོད།  ཆང་གསོལ་བའི་ཕྱི་ཉིན་ཐུགས་འགྱོད་དྲག་པོ་གནང་ཞིང་།   སྨན་གོང་རྒྱབ་རི་ལ་ན་བུན་ཐུལ་ལེ་འདུག་པ་གཟིགས་དུས།   ཁོང་གི་ཐུགས་དགོངས་ལ་ཅི་ཞིག་འཁྲུངས། ལན།༽  འགྱོད་པ་དང་།   གནོང་བ།   ཡིད་རངས་བ།   ཕྱིས་དམ་བཅའ་བྱའོ་སྙམ་པ་དང་བཞི་དུས་གཅིག་ལ་འཁྲུངས་ཏེ།  དེ་ཡང་རྒྱས་བཤད་ཞུས་ན།  ཁ་སང་གི་ཚིག་རྩུབ་རྣམས་ལ་འགྱོད་པ་སྐྱེས་པ་དང་།    སློབ་བུ་སངས་རྒྱས་སྨན་གོང་བའི་སྐུ་མདུན་དུ་འགྲོ་བར་ཐུགས་གནོང་བ་དང་།  ཁོང་སངས་རྒྱས་སྨན་གོང་བའི་མཛད་སྤྱོད་ལ་ཐུགས་ཡིད་རང་བ་དང་།   …

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པ་ལ་ལྟ་བའི་མེ་ལོང་། ཁག་གཉིས་པ།

། ། ཁག་གཉིས་པ། ། རྨེའུ་མཁས་པ་དཔལ་ཆེན་གཞན་སྡེའི་གྲྭ་སར་བཞུགས་ནས་སློབ་མ་རྣམས་ལ་གཞུང་གང་དག་འཆད་དམ།     ལན།༽   གཙོ་བོར་ཕར་ཕྱིན་དང་ཚད་མའི་སྐོར་འཆད་ཁྲིད་གནང་།  རྨེའུ་མཁས་པ་དཔལ་ཆེན་གྱིས་མནལ་ལམ་དུ་དྲང་སྲོང་གི་སྡོམ་པ་གང་གི་དྲུང་ནས་མནོས་པ་ཡིན།     ལན། ༽  སྟག་གཟིག་ལ་མཁས་པ་དམུ་ཙ་གྱེར་མེད་ཀྱི་མདུན་ནས་མནོས།  རྨེའུ་མཁས་པ་དཔལ་ཆེན་གྱིས་སྡོམ་པ་གང་གི་དྲུང་ནས་ཐོབ་པ་ཡིན།    ལན།༽   ཀུན་བཟང་གནས་བརྟན་རིན་པོ་ཆེ།    རྨེའུ་མཁས་པ་དཔལ་ཆེན་གྱི་སྡོམ་པ་ནོད་སྟངས་ལ་ཤོད་སྲོལ་མི་འདྲ་བ་གང་དག་ཡོད།      ལན།༽   སུམ་པ་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་ནས་བླངས་རབས་དང་།   མེ་སྟོན་ཤེས་རབ་འོད་ཟེར་གྱི་མདུན་ནས་བླངས་རབས་ཀྱི་ལུགས་མི་འདྲ་བ་གཉིས་དང་། རང་གི་རྣམ་ཐར་ནང་ལ་སྡེ་རྩེ་གཤོང་དུ་སློབ་དཔོན་རྩང་པའི་མདུན་ནས་གཙང་གཙུག་གི་སྡོམ་པ་དང་ཀུན་བཟང་གནས་བརྟན་རིན་པོ་ཆེའི་མདུན་ནས་དྲང་སྲོང་གི་སྡོམ་པ་མནོས་པའི་ཚུལ་དང་གསུམ་ཡོད། རྨེའུ་མཁས་པ་དཔལ་ཆེན་གཞན་སྡེའི་གྲྭ་ས་ནས་ཅིའི་ཕྱིར་དུ་ཡར་སྙེ་མོར་བྱོན་པ་ཡིན།    ལན།༽   རང་གི་བསྟན་པ་རང་གིས་སྐྱོང་དགོས་རབས་སོགས་སྲིད་པའི་རྒྱལ་མོས་ལུང་བསྟན་པ་ལ་བརྟེན་ནས་ཡར་སྙེ་མོར་བྱོན།  རྨེའུ་མཁས་པ་དཔལ་ཆེན་གྱིས་དབུ་མའི་སློབ་དཔོན་དུ་བསྟེན་མྱོང་བའི་རྐང་པོ་སྨྲ་བའི་སེང་གེ་ཞུ་བ་དེ་སུ་ཡིན།     ལན།༽   ཕྱྭ་པ་ཆོས་ཀྱི་སེང་གེའམ་ཆ་པ་ཆོས་ཀྱི་སེང་གེ་རུ་ངོས་བཟུང་ན།    ཡོངས་གྲགས་སུ་ཤོད་ཀྱིན་པའི་ལོ་རྒྱུས་མང་པོ་ཞིག་སྣ་མང་སྣེ་འཛིང་གི་བསམ་གཞིག་འོག་ནས་ནག་སུབ་དང་ཚལ་པ་གཏང་དགོས།  དཔེར་ན། རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་ནས་བཟུང་།  གཞན་དཔལ་ཆེན་གྱི་སྐབས་སུ་བྱོན་པའི་མཁས་པ་དང་མདོར་ན་རྨེའུ་མཁས་པ་དཔལ་ཆེན་དང་འབྲེལ་ཡོད་ཀྱི་མི་སྣ་མང་པོ་ཞིག་གི་ལོ་ཚིགས་སོགས་ཕྱིར་བསྣུར་བྱ་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།     ཡིན་ནའང་།   རྨེའུ་མཁས་པ་དཔལ་ཆེན་དང་འབྲེལ་ཡོད་ཀྱི་མི་སྣ་རེ་རེ་ངོས་བཟུང་ནས་དེའི་སྐོར་བཤད་ན་སྤྱིར་ཉོག་ལ་འཛིང་བའི་ཁར་ཇེ་ཉོག་ཏུ་བཏང་བར་མིན་ནམ་སྙམ་ནས།  གནས་སྐབས་རྨེའུ་མཁས་པ་དཔལ་ཆེན་གཅིག་པུའི་སྟེང་ནས་བསྙད་ཆོག་པར་གྱིས།  ཡོངས་གྲགས་སུ་ཤོད་ཀྱིན་པའི་རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་ལོ་1052དང་འདས་ལོ1106ལོ་ཡིན་ཤག་ཤག་དང་དེ་བཞིན་ཕྱྭ་པ་ཆོས་ཀྱི་སེང་གེ་འཁྲུངས་ལོ1109ལོར་བཞེད་ན།  རྨེའུ་མཁས་པ་དཔལ་ཆེན་གྱིས་ཕྱྭ་པ་དེ་ཉིད་སློབ་དཔོན་དུ་བསྟེན་མྱོང་བར་ཕར་ཟད། ཐ་ན་མཁས་པ་དེ་གཉིས་སྐུ་ཞལ་ཡང་མཇལ་མ་མྱོང་བས་དམིགས་བསལ་རྐང་པོ་སྨྲ་བའི་སེང་གེ་ཟེར་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིན་མིན་ལ་བློ་དོགས་ག་དུས་ཡིན་ཡང་སྐྱེ་མི་སྲིད་པར་བདེན།  རེད་དེ།  མནོ་བསམ་གཞན་ཞིག་བཏང་ནས་བསྙད་ན།  ཕྱོགས་འགའ་ནས་རྐང་པོ་སྨྲ་བའི་སེང་གེ་ཟེར་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིན་མིན་ལ་བློ་དོགས་སྐྱེ་འོས་པ་ཞིག་ཡིན་པར་རྒྱུ་མཚན་བཞི་ཡིས་བསྙད་ཆོག  གཅིག རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་སྐོར་ངོས་འཛིན་སྟངས་ལ་ལུགས་མི་འདྲ་བ་གཉིས་ཡོད་པའི་འཁྲུངས་ལོ་དེ་ཤིང་འབྲུག་ལོར་བཞེད་པའི་རྗེས་སུ་འབྲངས་ན་ཕྱྭ་པ་ཡིན་འོས་ལ།   གཉིས།  སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་བྲིས་པའི་རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་དགུ་པའི་ནང་དུ་སྤ་སྟོན་འོད་གསལ་རྒྱལ་མཚན་ཁོང་གིས་རྨ་བྱང་བརྩོན་ལས་ཚད་མ་བསླབས་པར་གསུངས་པའི་རྨ་བྱང་བརྩོན་ཟེར་བ་དེ་ཡང་སྙིང་ཅི་ཞིག་ཡིན་མིན་དང་།  གལ་ཏེ།   རྨ་བྱང་བརྩོན་ཞུ་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ལས་ཚད་མ་དང་དབུ་མ་སོགས་ཆེད་སྦྱོང་གནད་དུ་སྨིན་པར་བྱས་པའི་རྨ་བྱ་བྱང་བརྩོན་ཟེར་བ་དེ་ཡིན་ན།  རྐང་པོ་སྨྲ་བའི་སེང་གེ་ཞུ་བ་དེ་ཕྱྭ་པ་ཡིན་འོས།  གསུམ།   …

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པར་ལྟ་བའི་མེ་ལོང་།

———-རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་སྐོར་གྱི་དྲི་བ་དྲིས་ལན། དགེ་བློ་གྲོས།   རྔ་བ། ། དང་པོར་ཡབ་ཀྱི་དྲུང་ནས་མཁས་པར་བསླབས།། བར་དུ་རྣོ་དབལ་རིག་པས་བརྒལ་བརྟག་གནང་།། ཐ་མར་གཞུང་ཆེན་ཀུན་ལ་འགྲེལ་མཛད་པའི།། རྨེའུ་བཙུན་མཁས་པའི་ཞབས་ལ་གསོལ་བ་འདེབས།།  ། རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་མཛད་པ་པོ་སུ་ཡིན།       ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན། རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་མཛད་མཁན་གྱི་མཁས་པ་སུ་ཡོད།   ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན་མ་གཏོགས་ད་སྔ་མཐོང་དུ་མེད།  རྨེའུ་མཁས་པ་དཔལ་ཆེན་གྱི་སྐོར་བྲིས་པའི་དཔེ་ཆ་གང་དག་ཡོད།  ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་བྲིས་པའི་རྣམ་ཐར་དབུས་པའི་ཤར་རྫ་བའི་ལེགས་བཤད་མཛོད་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་དང་། མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་།  རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་ལྷ་རྒྱུད་ཕྲེང་བ།  ཁྱུང་སློབ་ཚུལ་རྒྱལ་གྱི་བསྟན་འབྱུང་སོགས་བཞུགས།  རྨེའུ་མཁས་པའི་རྣམ་ཐར་གྱི་མཚན་བྱང་ཆ་ཚང་ལ་ཅི་ཟེར།       ལན། ༽ རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་ཞེས་བྱ་བ་སྐལ་ལྡན་དད་པའི་འཇུག་ངོགས་བཞུགས་སོ། །ཞེས་བྱ་བའོ། །  རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལ་ལེའུ་དུ་ཡོད།               ལན། ༽ མཛད་པ་བཅུ་གཉིས་ལ་ལེའུ་རེ་རེ་བྱས་ནས་སྡོམ་པའི་ལེའུ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཡིན། རྨེའུ་མཁས་པ་དཔལ་ཆེན་གྱི་ཡབ་ཡུམ་གྱི་མཚན་ལ་ཅི་ཟེར།    ལན། ༽ ཡབ་ཀྱི་མཚན་ལ་རྨེའུ་ལྷ་རི་གཉན་པོ་དང་།   ཡུམ་གྱི་མཚན་ལ་ལྷ་ཕུ་བའི་འབྲམ་ཟ་བསོད་མཚོ་ཟེར།    རྨེའུ་མཁས་པ་དཔལ་ཆེན་ཉིད་ཡབ་དང་ཡུམ་གྱི་དགུང་ལོ་ག་ཚོད་སྟེང་དུ་འཁྲུངས།      ལན། ༽ དམྱལ་སྟོན་ལྷ་རྩེས་བྲིས་པའི་ལྷ་རི་གཉན་པོའི་རྣམ་ཐར་ལྟར་ན།   ཡབ་ཀྱི་དགུང་ལོ་གསལ་བོ་ཞིག་བསྙད་མི་ཐུབ་ཀྱང་།  དགུང་ལོ་ཞེ་ཆ་ཙིག་གི་སྟེང་དང་།   གཞན་བསྟན་འབྱུང་ཀེ་ཏ་ཀ་སོགས་ལས་དགུང་ལོ་སོ་གསུམ་སྟེང་དུ་འཁྲུངས་པར་བཤད།  ཡུམ་གྱི་དགུང་ལོ་ག་ཚོད་སྟེང་ཡིན་མིན་བསྙད་པར་དཀའ།   རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་གནས་གང་ཡིན།     ལན། ༽ གཡས་རུ་སྨད་ཀྱི་གུར་ཞོག་ཏུ་སྐུ་ཡི་མཚན་དཔེ་མངོན་པར་བཞད།  …

བོན་གྱི་མདོ་གཟེར་མིག་ལས་བན་ལུགས་ཀྱི་བཀའ་ཐང་སྡེ་ལྔའི་ནང་དོན་ཞལ་བཤུས་བྱས་ཡོད་སྐོར་རོབས་ཙམ་གླེང་བ།

། ། རྩོམ་ཡིག་འདིའི་ནང་དོན་དེ་ངོས་རང་ཆུང་ངུའི་སྐབས་སུ་མཁས་དབང་གཤོབ་ཤེས་རབ་བསམ་གཏན་གྱི་མདུན་ནས་གྲོགས་ཨ་སྣང་བྷེ་དང་མཉམ་དུ་མཚན་ཉིད་དཔེ་ཁྲིད་ཞུ་སྐབས།  མཁན་པོ་ཁོང་གི་བཞུགས་གདན་གྱི་ཡར་ངོས་སུ་དཔེ་དེབ་མང་པོ་བརྩེགས་འདུག་པའི་ནང་བཀའ་ཐང་སྡེ་ལྔ་དེབ་གཟུགས་ཅན་ཞིག་ཡོད་པ་དེ་ཁོང་གིས་ཕྱག་ཏུ་བླངས་ནས།  བཀའ་ཐང་སྡེ་ལྔ་དང་མདོ་གཟེར་མིག་གཉིས་བར་འདྲ་བཤུས་ཀྱི་རྣམ་པ་ཞིག་ཡོད་ལུགས་གསུངས་པ་དེ་ཕྱིས་སུ་ཡང་བདག་གི་ཡིད་ལ་གསལ་བོར་དྲན་གྱི་འདུག རྐྱེན་དེས་བདག་གིས་ཀྱང་དཔེ་ཀློག་མང་པོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་དཔེ་གཞུང་དེ་གཉིས་ཀྱི་ནང་དོན་ལ་འདྲ་བཤུས་ཀྱི་སྣང་ཚུལ་ཡོད་པར་ཤེས་རྟོགས་དང་དྲན་སྐུལ་ཐོབ་བྱུང་བ་མ་ཟད།  འདི་བཞིན་ཉིས་སྟོང་དགུ་ལོར་རྩོམ་ཡིག་འདི་ཉིད་འབྲི་བའི་ལག་ལེན་དངོས་ལ་ཡང་ཞུགས་པ་ཡིན།  འོན་ཀྱང་དཔེ་གཞུང་འདི་གཉིས་གཞིབ་བསྡུར་བྱེད་མཁན་གྱི་ཐད་ལ་བདག་ཙམ་མ་ཟད།  ཕྱི་རྒྱལ་བའི་བོད་རིག་པའི་ཞིབ་འཇུག་མཁན་སྦུ་ལོན་དྷུ་ཟེར་བས་ལྷ་འདྲེ་བཀའ་ཐང་ལ་དཔྱད་པ་ཞེས་པ་སྤེལ་ཡོད་སྐོར། མཁས་དབང་དོན་གྲུབ་ལྷ་རྒྱལ་གྱིས་ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་སྒྱུར་ནང་དུ་བཤད་ཡོད།  ཡིན་ན་ཡང་རྩོམ་དེབ་དེའི་ནང་དུ་ཁ་བྱང་ཙམ་ལས་རྩོམ་ཡིག་བྱིངས་དེ་བཀོད་མི་འདུག  དེ་མིན་ར་སེ་དཀོན་རྒྱམ་པ་ཟེར་བས་ཀྱང་དཔེ་གཞུང་དེ་གཉིས་པོའི་སྐོར་ལ་རྩོམ་ཐུང་ཞིག་སྤེལ་འདུག་སྟེ། ཁོང་གིས་ལྟ་བ་དྲང་པོའི་ལམ་དུ་ཞུགས་ནས་དཔྱད་བརྗོད་གནང་ཐུབ་མེད་པ་མ་ཟད། རྩོམ་ཡིག་དེ་ཤོག་ལྷེ་གཉིས་གསུམ་ཤིག་གིས་འཐུས་པར་བྱས་འདུག་པས་བརྗོད་གཞིའི་ཐད་ལ་ཡང་ཁ་གསལ་དང་ཞིབ་མོ་བྱུང་མེད།  བདག་གིས་འདིར་ཁ་གསལ་ཞིབ་རེ་ཡོང་བའི་ཐབས་ལ་འབད་ཁུལ་བྱས་མོད་ཀྱང་། མ་འདང་བའི་ཆ་དང་ནོར་འཁྲུལ་དུ་སོང་བ་ནི་ཅི་ནས་ཀྱང་ཡོད་སྲིད་པས་དཔྱོད་པ་བ་ཚོས་དགོངས་འཆར་ལྷུག་སྩོལ་ཡོང་རེ་ཞུ་ཡི་ཡོད།    ། ཚན་པ་དང་པོ།  དྲང་རྗེ་བཙུན་པ་གསེར་མིག་དང་ཡར་རྗེ་ཨོ་རྒྱན་གླིང་པ་གཉིས་ཀྱི་བར་བྱུང་བའི་ལོ་ཚིགས་ཀྱི་ཁྱད་པར་། ༡ དྲང་རྗེ་བཙུན་པ་གསེར་མིག་ནམ་བྱུང་གི་དུས་རབས་དང་ལོ་ཚིགས། །  དྲང་རྗེ་བཙུན་པ་གསེར་མིག་གིས་བོན་དཔེ་མདོ་གཟེར་མིག་ཅེས་པ་གཏེར་ནས་བཞེས་ཤིང་སྤེལ་བ་དེས་སྟོན་པ་གཤེན་རབ་མི་བོ་ཆེས་བོན་གྱི་བསྟན་པ་ཇི་ལྟར་སྤེལ་བ་དང་། ཐེག་པའི་རིམ་པ་ཇི་ལྟར་གཏན་ལ་ཕབ་ཡོད་མེད་སོགས་ཀྱི་ལ་གསལ་བྱེད་ལྟ་བུར་གྱུར་ཡོད་ཅིང་། ཁོང་གིས་གཏེར་ནས་བཞེས་པའི་ བོན་དཔེ་མདོ་གཟེར་མིག་གིས་བོན་གྱི་བསྟན་འབྱུང་དཔེ་གཞུང་ཁྲོད་གནས་བབས་མཐོན་པོར་ཟིན་ཡོད་པ་རྩོད་མེད་ཡིན།སྤྱིར་བན་བོན་གཉིས་ཀར་གཏེར་སྟོན་བརྒྱ་རྩ་བརྩི་བའི་ལུགས་སྲོལ་ཞིག་བྱུང་ཡོད་ཀྱང་། བོན་ཕྱོགས་ ནས་བཤད་ན་གཏེར་སྟོན་བརྒྱ་བརྩི་སྲོལ་ཡོད་པ་ཙམ་ལས་གཏེར་སྟོན་བརྒྱ་རྩའི་སྐོར་ཞིབ་ཕྲ་བཀོད་པ་དང་དེའི་སྐོར་གྱི་ལོ་རྒྱུས་ཆ་ཚང་ཞིག་ཕལ་ཆེར་མཐོང་རྒྱུ་དཀོན་པོར་ཆགས་ཡོད། གནའ་བོའི་བོན་གྱི་རིག་གཞུང་རྒྱུན་འཛིན་གནང་མཁན་ཚོས་བོན་གྱི་གཏེར་སྟོན་བརྒྱ་རྩའི་འཁྲུངས་གནས་དང་ལོ་ཚིགས། མཛད་འཕྲིན་སྐོར་ཞིབ་འབྲི་བྱེད་ཐུབ་མེད་པའི་དབང་གིས་རྩོམ་ཡིག་འདིའི་བརྗོད་གཞིར་གྱུར་བའི་བོན་གྱི་གཏེར་སྟོན་པ་དྲང་རྗེ་བཙུན་པའི་འཁྲུངས་འདས་དང་མཛད་འཕྲིན་སྐོར་ལ་དཀའ་ཁག་འཕྲད་ཀྱི་ཡོད། འོན་ཀྱང་ང་ཚོས་བོན་གྱི་འབྲེལ་ཡོད་ཡིག་ཆ་ཁག་ལ་བལྟ་ཀློག་གང་ཐུབ་ཀྱིས་དྲང་རྗེ་བཙུན་པ་གསེར་མིག་གི་འཁྲུངས་གནས་དང་ལོ་ཚིགས་སོགས་ལ་ཤེས་རྟོགས་དང་། གཞི་དེ་ལྟ་བུ་ཞིག་ལ་བརྟེན་ནས་ཁོང་གིས་མདོར་གཟེར་མིག་དེ་ཉིད་ལོ་དུས་གང་ཞིག་གི་ནང་གཏེར་ནས་བཞེས་ཡོད་མེད་ལ་ཞིབ་དཔྱོད་བྱས་ཏེ།ཡར་ཀླུང་ཨོ་རྒྱན་པས་གཏེར་ནས་བཞེས་པར་གྲགས་པའི་བཀའ་ཐང་སྡེ་ལྔ་དང་མདོ་གཟེར་མིག་གཉིས་པོའི་ཐོག་མའི་ཕྱི་མོ་གང་ཡིན་དང་གང་ལས་ཞལ་བཤུས་ཡོད་མེད་སོགས་ཀྱི་འགག་གནད་ལ་དཔྱད་ཞིབ་བྱེད་དགོས་པར་གྲུབ་ཡོད། དཔེ་གཞུང་གཉིས་པོ་གཏེར་ནས་ལེན་མཁན་གྱི་མི་སྣ་རེ་རེའི་ལོ་རྒྱུས་མ་ཤེས་པར་ཡིག་ཆ་དེ་གཉིས་པོའི་མ་ཡིག་བུ་ཡིག་གང་ཡིན་འཚོལ་ཐབས་གཞན་མེད་ཕྱིར། སྐབས་འདི་དང་འབྲེལ་བའི་བོན་གྱི་གཏེར་སྟོན་པ་དྲང་རྗེ་བཙུན་པ་གསེར་མིག་དང་བཀའ་ཐང་སྡེ་ལྔ་གཏེར་ནས་ལེན་མཁན་ཡར་རྗེ་ཨོ་རྒྱན་གླིང་པ་གཉིས་ཀྱི་འཁྲུངས་འདས་དང་།དུས་རབས་སྔ་ཕྱིའི་ཁྱད་པར་སོགས་ལ་གཤིབ་བསྡུར་བྱས་ཏེ། དཔེ་གཞུང་མི་འདྲ་བ་གཉིས་པོའི་ནང་གི་མ་ཡིག་གང་ཡིན་ལ་བརྩད་ཞིབ་དང་། ལེའུ་རེ་རེའི་ནང་གི་ཚིག་དོན་གཤིབ་བསྡུར་བྱེད་པའི་བྱ་ཐབས་སྤྱད་ནས་དཔྱད་གླེང་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། ཁོ་བོས་འདིར་བོན་གྱི་མཁས་དབང་སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་དར་རྒྱས་གསལ་སྒྲོན་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་། དེ་བཞིན་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་། ཤར་རྫའི་ལེགས་བཤད་མཛོད། དཔལ་ཚུལ་བསྟན་འབྱུང་སོགས་སུ་གང་འཁོད་པ་དེ་བེད་སྤྱད་རྒྱུ་གཙོ་བོར་བཟུང་ནས་གླེང་རྒྱུ་ཡིན། དར་རྒྱས་གསལ་སྒྲོན་ནང་དུ་བཀོད་པ་ལྟར་ན། ། “དེ་ནས་མངའ་བདག་1འདས་ཁར་སྲས་ནེ་ར་ཛ་འཛིང་ཡོན་2ལ་གཏད། དེ་ནས་མངའ་བདག་རལ་པ་ཅན་3ལ་གཏད་། དེས་སྲས་དར་མ་4ལ་གཏད། དར་མའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་འཁྲུགས་ནས། སྐུ་ཡི་སྔགས་མཁན་དྲང་ང་དཔལ་གྱི་ཡོན་ཏན་5ལ་གཏད། དེས་དཔལ་གྱི་གྲགས་པ་6ལ་བརྒྱུད། …