བསྟོད་པ་གསང་བའི་མཐིལ།
རྩོམ་ཡིག་འདི་ཐེངས། 413 བཀླགས་འདུག
གཡས་བོན་ཞེས་གསང་མཚན་ཞིག་ལ།།
ལེགས་པོ་ཞེས་གདགས་སུ་གསོལ་བའི།།
སྒོམ་ཆེན་ཞེས་སྙན་དུ་འབར་བའི།།
ཞུ་ཚང་གི་དབུ་བླར་བྱོན་ཡོད།།
ཡབ་ཆེན་ནི་ཐར་བ་བྱང་ཆུབ།།
ལྷ་ལེགས་ཞེས་མཚན་དུ་གསོལ་ནས།།
དབང་ལྡན་ཞེས་གདུང་རྒྱུད་ཅིག་ལ།།
གངས་ཟུར་ནས་སྐུ་མཚན་འཁྲུངས་ཡོད། །
སྐུ་མཁར་ཏེ་ཟོ་བོ་ཁྱུང་སླག།
སྐུ་བླ་ནི་སྔོ་ཕུག་བྲག་ནག།
སྐུ་གྲོགས་ལ་ལྷ་སྐྱིད་ལྕམ་ཞེས།།
སྐུ་ཚེ་ནི་སྒོམ་ལ་བསྐྱེལ་ཡོད།།
གཤེན་ཆེན་པོའི་མདུན་དྲུང་དེ་ནས། །
བཀའ་གཏེར་དང་གསང་བའི་མན་ངག།
སྣོད་ལྡན་གྱི་སློབ་མར་གྱུར་ནས།།
ལུང་བསྟན་དང་གདམས་པ་གནང་ཡོད།།
དོན་དམ་གྱི་ལྟ་བ་ཞིག་ལ།།
འཚེ་མེད་ཀྱི་སྤྱོད་གཤོག་སྤྲས་ ནས།།
འཛིན་མེད་ཀྱི་དགོངས་པའི་ཀློང་གི། །
སེམས་དཔའ་སྟེ་ཆེན་པོ་ཡིན་ནོ།།
སྐྱིད་མཁར་སོགས་སྒྲུབ་གནས་གང་དེ ར།།
ཉམས་རྟོགས་ཀྱི་མགུར་གླུ་གྱེར་ བཞིན།།
གྲུབ་རྟགས་དང་འགྲོ་དོན་མཛད་པས།།
རྣལ་འབྱོར་བའི་ས་རུ་སྙེགས་ཡོད།།
དད་འདུན་གྱིས་ཤུགས་ནས་བཙིར་བས།།
མོས་གུས་དང་སེམས་དོན་མཚོན་ཕྱིར། །
གང་ཉིད་ཀྱི་བྱིན་རླབས་འབར་བའི།།
གནས་དེ་རུ་སྦྱར་བ་དགེའོ།།
བསམ་ཚུལ་ཕྲིས།