རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པ་ལ་ལྟ་བའི་མེ་ལོང་། ཁག་གསུམ་པ།

རྩོམ་ཡིག་འདི་ཐེངས། 1109 བཀླགས་འདུག

རྨེའུ་མཁས་པ་དཔལ་ཆེན་གྱི་སློབ་བུའི་ནང་ནས་སྟོན་པ་ཞེས་པའི་མཚན་སྙན་ཐོབ་མཁན་གང་དག་ཡིན།

ལན།༽    མར་སྟོན་དང་།   སེ་སྟོན་དང་།  ཞང་སྟོན།  ཞུ་སྟོན་དང་།  སྤ་སྟོན་དང་།  གཤེན་སྟོན་དང་། ཇོ་སྟོན་དང་བཞིའོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་དགུ་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།

ལན།༽   མར་སྟོན་ལ་གཙང་གཙུག་གི་སྡོམ་པ་གནང་ཞིང་།  མདོ་སྟོད་སྨད་ཀྱི་གྲྭ་བ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་སྐོར་བྲིས་ཡོད། 

དཔལ་ཆེན་གྱི་གཅེན་པོ་འཁོར་ལོ་རྒྱལ་པོ་གྲོངས་ནས་བུ་སྨད་དང་གྲྭ་བ་རྣམས་ཀྱིས་གཤེགས་རྫོང་མཐར་ཕྱིན་མཛད་མཐར་རྨེའུ་མཁས་པ་དཔལ་ཆེན་ཁམས་མི་བདེ་བ་ཞིག་བྱུང་བས།   བཟང་རིའི་གྲྭ་སྐོར་རྣམས་ལ་གདམས་ངག་ཅི་ཞིག་གནང་།

ལན།༽  ང་ན་ན་ན་བས་དགའ་སྟེ་སྒྲིབ་པ་འབྱང་། ན་བ་མེད་ན་མེད་པས་དགའ་སྟེ་ལུས་སེམས་བདེ། ལུས་སེམས་བདེ་བས་དགེ་སྦྱོར་འཕེལ། ཡིན་ཀྱང་བདེན་པ་ཞིག་བསྟེན་དགོས།  ཞེས་གདམས་པ་མང་དུ་གསུངས།

རྨེའུ་མཁས་པ་དཔལ་ཆེན་ཉིད་ནས་སྙེ་མོ་བཟང་རིའི་གདན་ས་སློབ་མ་སུ་ལ་གཏད།

ལན།༽   སྤ་སྟོན་འོད་གསལ་རྒྱལ་མཚན་ལ་གཏད།   སྐབས་དེར་བཟང་རི་རྨེའུ་ཚང་དགོན་པ་གྲྭ་བ་སྟོང་གཅིག་ལྷག་ཡོད་པར་གསལ།

རྨེའུ་མཁས་པ་དཔལ་ཆེན་ལ་སྙུང་གཞི་ཐེབས་པས་རྐྱེན་གྱིས་ཐུགས་གཟས་ནས་ཆང་གསོལ་བ་ཡིན་ནམ། 

ལན།༽   ཐུགས་གཟས་ནས་གསོལ་བ་མ་ཡིན་ལ།  རྨེའུ་མཁས་པ་དཔལ་ཆེན་ཉིད་སྐོམ་དྲགས་པས་སློབ་མ་གཤེན་གསང་ཆེན་སྐོམ་ཞིག་སློང་དུ་བཏང་ནའང་། སྟབས་མ་ལེགས་པ་ཞིག་ལ།  ཏག་ཏག་ཆུ་ཟད་སོང་བས། གནས་མོ་ཆུ་ལེན་དུ་འགྲོ་བའི་ཤུལ་དུ་ཁེལ།  གཤེན་གསང་ཆེན་གྱིས་ཆང་ལས་མི་འདུག་ཞུས་པས།   ཆང་ཀ་བསླང་གསུངས་པས།   ཆང་མང་རབ་ཅིག་གསོལ་ཏེ།   གྲྭ་བ་རྣམས་ལ་བཀྱོན་པ་མང་དུ་མཛད་ཅིང་ཚིག་རྩུབ་ཀྱང་མང་དུ་ཤོར་རབས་ཡོད། 

ཆང་གསོལ་བའི་ཕྱི་ཉིན་ཐུགས་འགྱོད་དྲག་པོ་གནང་ཞིང་།   སྨན་གོང་རྒྱབ་རི་ལ་ན་བུན་ཐུལ་ལེ་འདུག་པ་གཟིགས་དུས།   ཁོང་གི་ཐུགས་དགོངས་ལ་ཅི་ཞིག་འཁྲུངས།

ལན།༽  འགྱོད་པ་དང་།   གནོང་བ།   ཡིད་རངས་བ།   ཕྱིས་དམ་བཅའ་བྱའོ་སྙམ་པ་དང་བཞི་དུས་གཅིག་ལ་འཁྲུངས་ཏེ།  དེ་ཡང་རྒྱས་བཤད་ཞུས་ན།  ཁ་སང་གི་ཚིག་རྩུབ་རྣམས་ལ་འགྱོད་པ་སྐྱེས་པ་དང་།    སློབ་བུ་སངས་རྒྱས་སྨན་གོང་བའི་སྐུ་མདུན་དུ་འགྲོ་བར་ཐུགས་གནོང་བ་དང་།  ཁོང་སངས་རྒྱས་སྨན་གོང་བའི་མཛད་སྤྱོད་ལ་ཐུགས་ཡིད་རང་བ་དང་།   ད་ནི་སྔར་སྨན་གོང་བའམ་མར་སྟོན་རྒྱལ་ལེགས་བདག་གི་སློབ་བུ་ཡིན་ཀྱང་སྨན་གོང་བའི་ཉེ་གནས་ནས་དམ་བཅའ་ཞིག་བྱ་སྙམ་དང་བཞི་དུས་གཅིག་ཏུ་ཐུགས་ལ་འཁྲུངས།

སྨན་གོང་དུ་དབེན་པར་བསྟེན་ནས།   སྔར་གྱི་རྩོམ་འཕྲོ་ཡོད་པ་རྣམས་མཛད་ཅིང་།  གསོལ་ཟས་ཆད་ནས་ཡོད་པའི་སྐབས་ཤིག་ལ།  སྨན་གོང་བས་ཇི་ལྟར་མཛད།

ལན།༽  བླ་མ་ལ་ཅི་གསོལ་ཞུས་པས།   གཞན་སྣང་བ་ལ་ཅི་ཟོས་ན་མི་བསམ་ཀྱང་། ལྕུམ་ཞིག་གསོལ་ན་བསམ་གསུངས་པས།  སྨན་གོང་བ་ཉིད་དེ་མ་ཐག་ཏུ་བྱ་རྒོད་ཅིག་ཏུ་བརྫུས་ཏེ།  ཉང་ར་ནས་ལྕུམ་ཞིག་བླངས་ཏེ་བླ་མར་དྲངས་ཀྱང་གསོལ་མ་ཕོད་ནས།   རྨེའུ་མཁས་པ་དཔལ་ཆེན་ཉིད་ནས།   ད་ནས་ཅི་བྱས་ཀྱང་འགྲོ་བའི་དུས་ཐོན་པ་འདྲ་གསུངས་ཏེ།  འཆད་རྩོད་རྩོམ་གསུམ་གྱི་འཕྲོ་རྣམས་ལམ་སང་མཛད་པར་གྲགས།  

 རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བཅུ་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།

ལན།༽   རྨེའུ་མཁས་པ་དཔལ་ཆེན་མཆོག་ནས་སྐོམ་དད་དབང་གིས་ཆང་གསོལ་ནས།  འགྱོད་པ་དང་གནོང་བ།   ཡིད་རང་།  དམ་བཅའ་དང་བཅས་བཞི་དུས་གཅིག་ཏུ་སྐྱེས་ཤིང་།   གཅིག་པུ་དབེན་པར་བསྟེན་ནས་འཆད་རྩོད་རྩོམ་གསུམ་གྱི་འཕྲོ་རྣམས་ལེགས་པར་སྐྱོང་ཚུལ་བྲིས་ཡོད།

རྨེའུ་མཁས་པ་དཔལ་ཆེན་གྱིས་ཁམས་ཆེན་དང་མདོ་རྣམས་གཤར་དུ་བྲིས་ཚར་རྗེས་ཇི་ལྟར་བྱུང་། 

ལན།༽   ཕྱག་མཛུབ་རྣམས་ཆད་ཀྱང་།   ཕྱག་མཛུབ་རྣམས་རིང་བསྲེལ་དུ་སོང་། 

གཤེན་གསང་ཆེན་གྱིས་ཞུས་པ།  སྙུང་གཞི་འདི་སྔོན་ལས་དང་འཕྲལ་རྐྱེན་ཇི་ལྟ་བུ་ལགས་ཞུས་པས།

ལན།༽  ཁོང་གིས་སྔོན་ལས་དང་འཕྲལ་རྐྱེན་གཉིས་ཀ་འདུག་གསུངས་ཤིང་།   སྔོན་ལས་ནི་སྔོན་རྒྱ་གར་དུ་སྐྱེ་བ་བླངས་པའི་དུས། བདག་རྒྱ་གར་གྱི་མེན་ཏྲ་པ་ལ་ཟེར་བའི་བླ་མ་ཞིག་ཡིན་པ་ལ།   སློབ་བུ་རྣམས་ཚོགས་འཁོར་བསྐོར་བའི་དུས།  ཚོགས་ཀྱི་སྤྱངས་སྤེལ་མ་བྱས་པར་ལྷ་ལ་འབུལ།  དེ་དུས་ཚོགས་ལ་མངན་སེམས་མང་པོ་ཤོར་བའི་རྣམ་སྨིན་དང་།   འཕྲལ་རྐྱེན་ལ་གཡས་རུ་བྲུ་གཡུང་དྲུང་བླ་མས་འཁོར་བ་ལ་ཐོག་མ་ཡོད་ཅེས་པ་ལ།   བདག་གིས་ཐོག་མ་མེད་པའི་སྒྲུབ་བྱེད་དང་།   ཐོག་ཡོད་འགལ་བ་མང་པོ་བྱས་པས། བྲུ་བླ་མ་ཡིན་པས་མ་མཉེས་པས།  རྨེའུ་དམ་ཉམས་ཟེར་ནས་དམོན་མོ་ངན་པ་བྱས་པས་ཡིན་གསུངས།

སེ་སྟོན་གྱིས་ད་རུང་འགྲོ་བ་དྲངས་ཕྱིར་དུ།  མྱ་ངན་མི་འདའ་བར་བཞུགས་པར་ཞུ་ཞུས་པས་རྨེའུ་སྟོན་གྱིས་ཇི་ལྟར་གསུང་།  

ལན།༽    རྨེའུ་མཁས་པ་དཔལ་ཆེན་མཆོག་སྐུ་ཅོག་པུར་ཡར་བཞེངས་ནས་འདི་སྐད་གསུངས།   ཉོན་དང་འཁོར་རེ་ཇོ་བོ་ཚོ།  །དད་ལྡན་འདུས་པའི་བུ་ཚོ་ཉོན།  །དལ་འབྱོར་རྙེད་པ་དཀའ་བས་རྙེད་ཚེ་མདོ་དོན་སྒྲུབས། ནམ་འཆི་ངེས་པ་མེད་ཀྱིས་དགེ་སྦྱོར་རིམ་གྱིས་འབོད།   སངས་རྒྱས་གཞི་མ་ཡིན་གྱིས་སྙིང་རྗེ་བྱམས་སེམས་སྒོམས།  རྐྱེན་ངན་དགེ་བསྐུལ་ཡིན་པས་གང་བྱུང་ལམ་དུ་ཁྱེར།  ཐར་པའི་རྩ་བ་ཡིན་པས་ཚུལ་ཁྲིམས་སྲོག་ལྟར་སྲུངས།   དགེ་སྦྱོར་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས།   རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་བ་ཆོད།  འཆི་བ་མྱུར་དུ་འོང་ངོ་གྲབས་སུ་ཚུད་པར་གྱིས།   ཞེས་གསུངས་སོ། ། 

མར་སྟོན་གྱིས་ཁོང་ལ་ལྟ་བའི་མཐར་ཐུག་ཅིག་གསུངས་རོགས་ཞེས་བཀའ་དྲིན་ཞུས་པའི་ལན་དུ་ཁོང་གིས་ཇི་ལྟར་གསུང་།

ལན།༽ བླ་མའི་ཞལ་ནས།  སྣང་བ་ཐམས་ཅད་སྣང་ཞིང་བདེན་པས་སྟོང་།   སྟོང་པ་དེ་ཉིད་སྣ་ཚོགས་ཤར།   དེ་ཕྱིར་སྣང་དང་སྟོང་པ་ཐ་དད་མེད།   སྟོང་པ་ཉིད་ལ་གཅིག་ཏུ་མ་གྲུབ་པས།  གཅིག་དང་ཐ་དད་ཡོད་མེད་རྟག་ཆད་བྲལ།   སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་རུ།   དེ་ལ་འདི་ཉིད་བདེན་ཞེས་ཞེན་པ་མེད།   ལྟ་བ་མེད་པ་ལྟ་བའི་མཐར་ཐུག་ཡིན། ཞེས་གསུངས། 

རྨེའུ་མཁས་པ་དཔལ་ཆེན་གྱིས་འཁོར་རྣམས་ལ་ཞལ་ཆེམས་ཇི་ལྟར་བཞག  

ལན།༽  ཀ་ཕྲེང་སུམ་ཅུའི་དབྱངས་འགྲོས་བརྒྱུད་ནས་འདི་ལྟ་སྟེ།   ཀ་བཀའ་བརྒྱུད་གསུང་རབ་འཛིན་ཡི། ། ཁ་ཁ་བ་ཅན་གྱི་བོད་ཡུལ་འདིར། །ག་གངས་དཀར་སེང་གེའི་བུ་རྒྱུད་བཞིན། །ང་ང་བདག་བྲལ་བའི་དཔལ་ཆེན་ངས། ། ཅ་བཅོས་མེད་ཐོས་བསམ་སྒོམ་གསུམ་ལ། །ཆ་ཆུ་བོ་བཞིན་དུ་འབྲལ་མེད་སྦྱངས། །ཇ་བྱེ་མའི་གྲངས་ཙམ་ལ་ཤན་ཕྱེད། །ཉ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་། །ཏ་སྟོང་ཉིད་ཟབ་མོ་མཐའ་བྲལ་ལྟ་བ་ལྡན། །ཐ་ཐག་ཆོད་ད་ལྟའི་བེམ་རིག་བྲལ། །ད་ད་རུང་ཉེ་འབོད་དབུས་འདི་རུ། །ན་ནམ་ཡང་སྐྱེ་བ་གསུམ་བཞི་ཞིག །པ་པཎྚི་ཏ་དང་དཔའ་བོ་དང་། །ཕ་ཕར་ཕྱིན་རྣལ་འབྱོར་ལུས་ཀྱང་ལེན། །བ་བེམ་པོ་རུལ་བའི་ལུས་པོ་འདི། །མ་མེ་ལ་མ་བསྲེགས་རྒྱུད་པ་དང་། །ཙ་ཙ་རེག་ཅན་གྱི་གཞི་བདག་འཁྲུགས། །ཚ་ཚ་ཚུལ་དུ་མངའ་གསོལ་བས། །ཛ་རྫུ་བག་གསལ་ལ་གཏེར་དུ་སྦོས། །ཝ་ཝ་ལེ་ཧྲིག་གེ་ཚེ་སྔོན་ནས། །ཞ་ཞང་ཞུང་རྒྱ་གར་རྒྱ་ནག་དང་། །ཟ་ཟ་ཧོར་བ་གོར་བྲུ་ཤ་དང་། །འ་འ་ཞའི་ཡུལ་དུ་ལུས་བླངས་ནས། །ཡ་ཡི་དམ་སྒྲུབ་པའི་གྲུབ་རྟགས་དང་། །ར་རིང་བསྲེལ་སྐུ་གདུང་མང་འབྱོན་ཏེ། །ལ་ལས་འཕྲོ་ཅན་གྱི་དུས་མཐར་འདོན། །ཤ་ཤ་རི་རམ་གྱི་འཕེལ་གདུང་ལ ། །ས་ས་ཡི་རྡུལ་བཞིན་གྲངས་འཕེལ་ནས། །ཧ་ཧོར་ཡུལ་མཐའ་རིས་ཚུན་ཆོད་དུ། །ཨ་ཨ་ཧོ་ཡུལ་འདིར་ཁྱབ་པར་འགྱུར། །ཀ་ཀ་སྨད་སུམ་ཅུའི་ཞལ་ཆེམས་འདི། །ཡིད་ཆེས་པར་མཛོད་ལ་ཐུགས་ལ་ཞོག །ཅེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གཤེགས་དུས་ཀྱི་རབ་བྱུང་དང་ཟླ་བ།  ཚེས་དང་སྐར་མ།  དུས་ཚོད་སོགས་གང་ལ་འཁེལ་ཡོད།   

མི་ཟད་ཅེས་པའི་རབ་བྱུང་མེ་ཕོ་ཁྱི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་སྐྱ་རེངས་ཤར་བ་ལ་དྲོད་དང་རྣམ་ཤེས་ཐུགས་ཀར་འདུས་ཤིང་སྤྱན་མིག་གྱེན་ལ་ཧྲིག་གེར་གཟིགས་ནས་གཤེགས་སོང་།  

རྨེའུ་མཁས་པ་དཔལ་ཆེན་ཞིང་ལ་གཤེགས་དུས་ངོ་མཚར་བའི་ལྟས་ཅི་ཞིག་བྱུང་། 

ལན།༽  སྨན་གོང་སྤྱི་རྟིང་ལ་ཉི་རྩེ་ཤར་བ་དང་།  ཡི་གེ་ཨ་དཀར་པོ་ཞིག་ནམ་མཁར་འཕྲོས་ཤིང་།  ས་གཡོ་བ་དང་།  སྒྲ་སྣ་ཚོགས་གྲགས་པ།  གཞའ་ཚོན་འོད་དུ་འཐིབས་པ་སོགས་ཀྱི་ལྟས་བཟང་མང་དུ་བྱུང་། 

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བཅུ་གཅིག་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།

ལན།༽  ཁོང་གི་ཕྱག་མཛུབ་ཆད་པ་རྣམས་རིང་བསྲེལ་དུ་སོང་ཞིང་།  འཁོར་རྣམས་ལ་ཞལ་ཆེམས་བཞག་སྟེ།  གཤེགས་ཁར་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་སྟེ་རྣམ་ཤེས་ཨ་ཡི་རྟ་ལ་ཆིབས་ནས་སྐུ་མི་རྟག་མྱ་ངན་འདས་ཚུལ་གྱི་སྐོར་བྲིས་ཡོད། 

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་གདུང་ལ་མར་སྟོན་ནམ་སྨན་གོང་བས་སྒོ་གསུམ་གུས་པས་ཕྱག་འཚལ་ནས་གསོལ་བ་ཇི་ལྟར་གདབ།

ལན།༽  ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །སྨྲ་བའི་དབང་པོ་མཁས་པ་དཔལ་ཆེན་གྲོངས། །དགུང་སྔོན་དཀྱིལ་གྱི་གསལ་བྱེད་ཉི་ཟླ་སྟོར། །རི་ཕྲན་དཀྱིལ་གྱི་ལྷུན་པོ་འགྱེལ། །ཆུ་བྲན་འདུ་གནས་རྒྱ་མཚོ་ཆེན་པོ་བསྐམས། །འཁོར་ཚོགས་དཀྱིལ་གྱི་ལོ་པཎ་ཆེན་པོ་གྲོངས། །ཀྱི་ཧུད་ཀྱི་ཧུད་སེམས་ཅན་སྙིང་རེ་རྗེ། །འགྲོ་རྣམས་ཐར་པར་འདྲེན་པའི་ཐག་པ་ཆད། །སེམས་ཅན་འཁོར་བ་ལུས་པ་གང་གིས་འདྲེན། །མུན་ནག་ནང་གི་གསལ་བྱེད་སྒྲོན་མེ་འདས། །མུན་ནག་ལམ་སྟོར་ལམ་མཁན་སུ་ཡིས་བྱེད། །ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །མངོན་པ་ས་ལམ་རྩི་བའི་མཛོད་ཁང་སྟོང་། །མཚན་ཉིད་སྡེ་སྣོད་ཞུ་འདོད་སུ་ལ་ཞུ། །རིག་པའི་རལ་གྲི་བདར་བའི་ས་བདར་གྲུགས། །རིག་དང་ཚད་མ་ཞུ་འདོད་སུ་ལ་ཞུ། ། བསྙེན་རྫོགས་འདུལ་བ་འཛིན་པའི་བུམ་པ་ཆགས། །འཕན་ཡུལ་འདུལ་ཁྲིམས་ཞུ་འདོད་སུ་ལ་ཞུ། །བསྙེན་རྫོགས་ཡང་རྩེར་བགྲོད་པའི་སྐས་པ་ཆགས། །གསང་སྔགས་རྫོགས་ཆེན་ཞུ་འདོད་སུ་ལ་ཞུ། །རྒྱུད་གཞུང་འགྲེལ་ཏིག་རྩོམ་པའི་ལྡེ་མིག་སྟོར། །རྒྱུས་མེད་ཐ་རམས་ལྟ་བུ་སུ་ཡིས་བྱེད། ། ཀྱི་ཧུད་ཀྱི་ཧུད་སྨྲ་བའི་དབང་པོ་ལགས། །འཕྲུལ་ངག་བོན་འདོད་གྲྭ་བ་ལམ་དུ་ལུས། །ལམ་ལུས་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱོགས་བཅུའི་འཇིག་རྟེན་འགྲོ་དོན་གར་མཛད་ཀྱང་། ། བདག་ཅག་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།།

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་གདུང་ཇི་ལྟར་བྱས་ནས་གཏེར་དུ་བཅོལ།

ལན།༽ རྨེའུ་མཁས་པ་དཔལ་ཆེན་མཆོག་གི་བཀའ་ཆེམས་བཞིན་དུ་མར་སྟོན་དང་སྤ་སྟོན།  གཤེན་སྟོན་གསུམ་གྱིས་བླ་མ་མཆོག་གི་སྐུ་སྤུར་དར་ཟབ་ཀྱིས་དྲིལ་ནས།  རབ་གནས་བྱས།  སྨན་གོང་གི་ནུབ་ཕྱོགས་སུ་གཏེར་དུ་བཅོལ། གཏེར་གཉེན་གར་ཁྱལ་ལྗང་ལ་གཏད་དོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་གདུང་གཏེར་དུ་བཅོལ་རྗེས་བླ་མ་སུ་ཞིག་གདན་དྲངས་ནས་གསོལ་འདེབས་རྒྱས་པར་མཛད། 

བླ་མ་བྲུ་ཞུ་གཤེན་གསུམ་དང་།  གུར་ཞོག་ནས་ཁོང་གི་གཅུང་པོ་གསས་མཁར་བླ་མ་གདན་དྲངས་ནས་གསོལ་འདེབས་རྒྱས་པར་མཛད། འདིའི་བྲུ་ནི་བྲུ་རྗེ་གཡུང་དྲུང་བླ་མ་དང་།  ཞུ་ནི་ཞུ་སྒྲོལ་བ་གཤེན་རྒྱལ་ཡིན། གཤེན་ཟེར་བ་དེ་གཤེན་སྟོན་ནམ་མཁའ་ཡིན་ནམ་དཔྱོད། 

རྨེའུ་མཁས་པ་དཔལ་ཆེན་གྱི་ཕྱག་དཔེ་རྣམས་གང་དུ་བཞུགས།

ལན།༽ སྨན་གོང་དུ་བཞུགས།   

རྨེའུ་མཁས་པ་དཔལ་ཆེན་གྱི་ཧོས་རུ་དང་།   ལྷུང་བཟེད།  བུམ་པ་རྣམས་སྐབས་དེར་གང་དུ་བཞུགས།  

ལན།༽  གནས་མཆོག་བཟང་རི་གདན་ས་ཡིན་པས།  སྙེ་མོ་བཟང་རིར་གདན་དྲངས་ཤིང་། རྟེན་དུ་བཞེངས་པའི་རྣམ་དག་ཡུམ་གྱི་གསེར་སྐུའང་གུར་ཞོག་ཏུ་གདན་དྲངས། སྤ་སྟོན་འོད་གསལ་རྒྱལ་མཚན་མཆོག་ནས་བསྐོར་བ་མཛད་དེ།   གསེར་སྐུའི་བྱིན་རླབས་ཀྱིས་ཕ་རོལ་གཡུལ་ལས་རྒྱལ་བར་མཛད་དོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བཅུ་གཉིས་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།

ལན།༽ རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་གདུང་ལ་སྨན་གོང་བ་དབུས་པའི་སློབ་བུ་རྣམས་ཀྱིས་ཕྱག་འཚལ་ཞིང་།  གསོལ་བ་འདེབས།   སྐུ་གདུང་གཏེར་དུ་བཅོལ་ཏེ།   འགྲོ་བའི་དོན་དུ་རྟེན་བཞེངས་དང་རབ་གནས་མཛད་པའི་སྐོར་བྲིས་ཡོད།  

  ཅེས་དགེ་བློ་གྲོས་ཟེར་བ་དེས་ཕྱི་ལོ་༢༠༢༣ལོའི་ཟླ་བ༥བའི་ཚེས་༧ལ་བྲིས།  

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *