རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པ་ལ་ལྟ་བའི་མེ་ལོང་། ཁག་གཉིས་པ།
རྩོམ་ཡིག་འདི་ཐེངས། 954 བཀླགས་འདུག
།
།
ཁག་གཉིས་པ།
།
རྨེའུ་མཁས་པ་དཔལ་ཆེན་གཞན་སྡེའི་གྲྭ་སར་བཞུགས་ནས་སློབ་མ་རྣམས་ལ་གཞུང་གང་དག་འཆད་དམ།
ལན།༽ གཙོ་བོར་ཕར་ཕྱིན་དང་ཚད་མའི་སྐོར་འཆད་ཁྲིད་གནང་།
རྨེའུ་མཁས་པ་དཔལ་ཆེན་གྱིས་མནལ་ལམ་དུ་དྲང་སྲོང་གི་སྡོམ་པ་གང་གི་དྲུང་ནས་མནོས་པ་ཡིན།
ལན། ༽ སྟག་གཟིག་ལ་མཁས་པ་དམུ་ཙ་གྱེར་མེད་ཀྱི་མདུན་ནས་མནོས།
རྨེའུ་མཁས་པ་དཔལ་ཆེན་གྱིས་སྡོམ་པ་གང་གི་དྲུང་ནས་ཐོབ་པ་ཡིན།
ལན།༽ ཀུན་བཟང་གནས་བརྟན་རིན་པོ་ཆེ།
རྨེའུ་མཁས་པ་དཔལ་ཆེན་གྱི་སྡོམ་པ་ནོད་སྟངས་ལ་ཤོད་སྲོལ་མི་འདྲ་བ་གང་དག་ཡོད།
ལན།༽ སུམ་པ་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་ནས་བླངས་རབས་དང་། མེ་སྟོན་ཤེས་རབ་འོད་ཟེར་གྱི་མདུན་ནས་བླངས་རབས་ཀྱི་ལུགས་མི་འདྲ་བ་གཉིས་དང་། རང་གི་རྣམ་ཐར་ནང་ལ་སྡེ་རྩེ་གཤོང་དུ་སློབ་དཔོན་རྩང་པའི་མདུན་ནས་གཙང་གཙུག་གི་སྡོམ་པ་དང་ཀུན་བཟང་གནས་བརྟན་རིན་པོ་ཆེའི་མདུན་ནས་དྲང་སྲོང་གི་སྡོམ་པ་མནོས་པའི་ཚུལ་དང་གསུམ་ཡོད།
རྨེའུ་མཁས་པ་དཔལ་ཆེན་གཞན་སྡེའི་གྲྭ་ས་ནས་ཅིའི་ཕྱིར་དུ་ཡར་སྙེ་མོར་བྱོན་པ་ཡིན།
ལན།༽ རང་གི་བསྟན་པ་རང་གིས་སྐྱོང་དགོས་རབས་སོགས་སྲིད་པའི་རྒྱལ་མོས་ལུང་བསྟན་པ་ལ་བརྟེན་ནས་ཡར་སྙེ་མོར་བྱོན།
རྨེའུ་མཁས་པ་དཔལ་ཆེན་གྱིས་དབུ་མའི་སློབ་དཔོན་དུ་བསྟེན་མྱོང་བའི་རྐང་པོ་སྨྲ་བའི་སེང་གེ་ཞུ་བ་དེ་སུ་ཡིན།
ལན།༽ ཕྱྭ་པ་ཆོས་ཀྱི་སེང་གེའམ་ཆ་པ་ཆོས་ཀྱི་སེང་གེ་རུ་ངོས་བཟུང་ན། ཡོངས་གྲགས་སུ་ཤོད་ཀྱིན་པའི་ལོ་རྒྱུས་མང་པོ་ཞིག་སྣ་མང་སྣེ་འཛིང་གི་བསམ་གཞིག་འོག་ནས་ནག་སུབ་དང་ཚལ་པ་གཏང་དགོས། དཔེར་ན། རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་ནས་བཟུང་། གཞན་དཔལ་ཆེན་གྱི་སྐབས་སུ་བྱོན་པའི་མཁས་པ་དང་མདོར་ན་རྨེའུ་མཁས་པ་དཔལ་ཆེན་དང་འབྲེལ་ཡོད་ཀྱི་མི་སྣ་མང་པོ་ཞིག་གི་ལོ་ཚིགས་སོགས་ཕྱིར་བསྣུར་བྱ་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡིན་ནའང་། རྨེའུ་མཁས་པ་དཔལ་ཆེན་དང་འབྲེལ་ཡོད་ཀྱི་མི་སྣ་རེ་རེ་ངོས་བཟུང་ནས་དེའི་སྐོར་བཤད་ན་སྤྱིར་ཉོག་ལ་འཛིང་བའི་ཁར་ཇེ་ཉོག་ཏུ་བཏང་བར་མིན་ནམ་སྙམ་ནས། གནས་སྐབས་རྨེའུ་མཁས་པ་དཔལ་ཆེན་གཅིག་པུའི་སྟེང་ནས་བསྙད་ཆོག་པར་གྱིས། ཡོངས་གྲགས་སུ་ཤོད་ཀྱིན་པའི་རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་ལོ་1052དང་འདས་ལོ1106ལོ་ཡིན་ཤག་ཤག་དང་དེ་བཞིན་ཕྱྭ་པ་ཆོས་ཀྱི་སེང་གེ་འཁྲུངས་ལོ1109ལོར་བཞེད་ན། རྨེའུ་མཁས་པ་དཔལ་ཆེན་གྱིས་ཕྱྭ་པ་དེ་ཉིད་སློབ་དཔོན་དུ་བསྟེན་མྱོང་བར་ཕར་ཟད། ཐ་ན་མཁས་པ་དེ་གཉིས་སྐུ་ཞལ་ཡང་མཇལ་མ་མྱོང་བས་དམིགས་བསལ་རྐང་པོ་སྨྲ་བའི་སེང་གེ་ཟེར་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིན་མིན་ལ་བློ་དོགས་ག་དུས་ཡིན་ཡང་སྐྱེ་མི་སྲིད་པར་བདེན། རེད་དེ། མནོ་བསམ་གཞན་ཞིག་བཏང་ནས་བསྙད་ན། ཕྱོགས་འགའ་ནས་རྐང་པོ་སྨྲ་བའི་སེང་གེ་ཟེར་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིན་མིན་ལ་བློ་དོགས་སྐྱེ་འོས་པ་ཞིག་ཡིན་པར་རྒྱུ་མཚན་བཞི་ཡིས་བསྙད་ཆོག གཅིག རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་སྐོར་ངོས་འཛིན་སྟངས་ལ་ལུགས་མི་འདྲ་བ་གཉིས་ཡོད་པའི་འཁྲུངས་ལོ་དེ་ཤིང་འབྲུག་ལོར་བཞེད་པའི་རྗེས་སུ་འབྲངས་ན་ཕྱྭ་པ་ཡིན་འོས་ལ། གཉིས། སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་བྲིས་པའི་རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་དགུ་པའི་ནང་དུ་སྤ་སྟོན་འོད་གསལ་རྒྱལ་མཚན་ཁོང་གིས་རྨ་བྱང་བརྩོན་ལས་ཚད་མ་བསླབས་པར་གསུངས་པའི་རྨ་བྱང་བརྩོན་ཟེར་བ་དེ་ཡང་སྙིང་ཅི་ཞིག་ཡིན་མིན་དང་། གལ་ཏེ། རྨ་བྱང་བརྩོན་ཞུ་བ་དེ་ཕྱྭ་པ་ཆོས་ཀྱི་སེང་གེ་ལས་ཚད་མ་དང་དབུ་མ་སོགས་ཆེད་སྦྱོང་གནད་དུ་སྨིན་པར་བྱས་པའི་རྨ་བྱ་བྱང་བརྩོན་ཟེར་བ་དེ་ཡིན་ན། རྐང་པོ་སྨྲ་བའི་སེང་གེ་ཞུ་བ་དེ་ཕྱྭ་པ་ཡིན་འོས། གསུམ། སྨན་གོང་བ་ལའང་སྔ་ཕྱི་གཉིས་ཡོད་པས་རྨེའུ་དཔལ་གྱི་སློབ་མ་ཕྱི་མའི་སྨན་གོང་བ་ཡིན་པར་ངོས་བཟུང་ན། རྐང་པོ་སྨྲ་བའི་སེང་གེ་ཞུ་བ་དེ་ཕྱྭ་པ་ཡིན་འོས། བཞི། རྐང་པོ་སྨྲ་བའི་སེང་གེ་ཞེས་པའི་མིང་ཚིག་གཅིག་པུའི་སྟེང་ནས་ཀྱང་ཕྱྭ་པ་ཡིན་འོས་པའི་ཚོད་དཔག་བྱ་ཆོག་གོ།
རྨེའུ་མཁས་པ་དཔལ་ཆེན་གྱིས་དྲང་སྲོང་གི་སྡོམ་པ་ཞུ་སའི་ཀུན་བཟང་གནས་བརྟན་ཞུ་བ་དེ་སུ་ཡིན།
ལན། ༽ བོན་པོ་ཞིག་ཡིན་པ་ལས་བྱེ་བྲག་གིས་ངོས་འཛིན་ཞུ་ཐབས་མ་བྱུང་།
རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་ལྔ་བའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།
ལན། ༽ སྡེ་རྩེ་གཤོང་དུ་ཕེབས་ནས་སློབ་དཔོན་རྩང་པའི་མདུན་ནས་གཙང་གཙུག་གི་སྡོམ་པ་འཐོབ་ཚུལ་དང་། ཁྱིམ་སྤང་རབ་བྱུང་གི་མཛད་པ་བྲིས་ཡོད། སློབ་དཔོན་རྩང་པ་ཞེས་པ་འདི་ནི་རྨེའུ་རི་ཁྲོད་པ་ཡིན་མིན་ལ་བློ་དོགས་སྐྱེ་ཆོག་པ་ཞིག་ཀྱང་ཡིན་ནོ། །
རྨེའུ་མཁས་པ་དཔལ་ཆེན་གུར་ཞོག་ཏུ་ཕེབས་ནས་ཉན་བཤད་ཀྱི་གཉེར་བཟུང་ནས་གཞུང་གང་ལ་ཟུར་བཤད་གནང་།
ལན།༽ ཁམས་ཆེན་ལ་ཟུར་བཤད་བགྱིས།
རྨེའུ་མཁས་པ་དཔལ་ཆེན་གྱིས་ཐུན་གསུམ་རེར་ཉན་པ་དང་ཐུན་གསུམ་རེར་བཤད་པའི་གཞུང་ཆེན་ཁག་གང་ཡིན།
ལན།༽ གཟེར་མིག་དང་། རྫོགས་ཆེན་གབ་པ། སྲིད་པའི་མཛོད་ཕུགས་སོགས་ཡིན།
རྨེའུ་ཚང་གི་གཏེར་སྐལ་ལྷོ་བྱང་དབུས་གསུམ་ལས་གང་ཡིན།
ལན།༽ དབུས་གཏེར་ཡིན།
རྨེའུ་ཚང་ནི་ལྷོ་བྱང་དབུས་གསུམ་གང་གི་གཏེར་བདག་ཡིན།
ལན།༽ བྱང་གཏེར་གྱི་བདག་པོ་ཡིན།
རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་དྲུག་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།
ལན།༽ ཁམས་ཆེན་ལ་ཟུར་བཤད་མཛད་ཅིང་། མདོ་གཟེར་མིག་དང་མཛོད་ཀྱི་སྐོར་ཉན་བཤད་མང་དུ་གནང་བའི་སྐོར་བྲིས་ཡོད།
རྨེའུ་མཁས་པ་དཔལ་ཆེན་སྐྱིད་མཁར་སྔོ་ཕུག་ཏུ་ཕེབས་ནས་ཞུ་སྒྲོལ་བ་གཤེན་རྒྱལ་གྱིས་གསུང་བཞིན་གཞུང་གང་ཞིག་དུས་ཡུན་ག་ཚོད་ལ་གསུངས་ནས་བཞུགས།
ལན།༽ སྟོན་པ་གཤེན་རབ་ཀྱིས་མཛད་པའི་སྲིད་པའི་མཛོད་ཕུག་དགུན་ཐོག་ཅིག་གི་ཡུན་ལ་གསུངས་ནས་བཞུགས།
རྨེའུ་མཁས་པ་དཔལ་ཆེན་གྱིས་གཡས་རུ་བྲུ་རྗེ་གཡུང་དྲུང་བླ་མའི་མདུན་ནས་གཞུང་གང་དག་ལ་གསན་བཞེས་མཛད།
ལན།༽ མཛོད་དང་མཚན་ཉིད་སྲིད་པའི་བོན་སྐོར་རྣམས་ཞུས།
རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བདུན་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།
ལན།༽ སྐྱི་མཁར་སྔོ་ཕུག་ཏུ་བླ་མར་མཇལ་དུ་ཕྱིན་ཏེ། བྲུ་ཞུ་རྣམ་གཉིས་དང་རི་ཁྲོད་པའི་མདུན་ནས་གདམས་ངག་ཞུས་ཤིང་གྲྭ་ས་དང་སྒྲུབ་གནས་སོགས་བསྐོར་བའི་མཛད་པ་བྲིས་ཡོད།
རྨེའུ་མཁས་པ་དཔལ་ཆེན་ལ་བླ་མ་ཆེན་པོ་ཞེས་པའི་མཚན་སུས་གནང་དང་གནས་གང་དུ་གནང་།
ལན།༽ བར་བོ་སོ་བརྒྱད་དང་འདྲ་བའི་གུར་ཞོག་སེ་བ་འོ་ནས་རྨེའུ་ལྷ་རི་གཉེན་པོ་མཆོག་གིས་མཁས་མཆོག་དཔལ་ཆེན་ལ་བླ་མ་ཆེན་པོ་ཞེས་མཚན་གསོལ།
རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་གཞུང་གང་དག་ཡོད།
ལན།༽ ཁམས་བརྒྱད་ཀྱི་འགྲེལ་བ་དང་། གབ་པའི་འགྲེལ་བ། ཐིག་ལེ་འགྲེལ་བ། ཞི་བའི་རབ་གནས། དབང་ཆེན་འགྲེལ་བ་གསས་མཁར་སྡོང་བོ་རབ་དབྱེ། ཐེག་ཆེན་རྣམ་དག་གི་འགྲེལ་བ་ཆུ་བོ་རབ་འབྱམས། ཕུར་བའི་འགྲེལ་བ་མེ་རི་འབར་བ། ཀློང་རྒྱས་འགྲེལ་བ་རིན་ཆེན་འཕྲེང་བ། འདུལ་བའི་སྟོད་ལུགས་ལ་འགྲེལ་བ་ཉི་འོད་རྒྱན། མདོ་འདུས་ལ་འགྲེལ་བ་ཉི་ཟེར་དྲྭ་བ། ས་ལམ་གསལ་བའི་སྒྲོན་མ། ཚད་མ་རྣམ་འགྲེལ་ལ་ཏི་ཀ་དོན་གསལ་སྒྲོན་མེ་སོགས་བརྩམས་པར་གྲགས།
རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནང་མང་དུ་བྱུང་བའི་མཁས་པ་དམྱལ་དང་རྩི། ཇོ་སྲས་གསུམ་གང་དག་ཡིན།
ལན།༽ དམྱལ་སྟོན་ལྷ་རྩེའམ་དམྱལ་སྟོན་ལྷང་ངེ་གཙུག་ཕུད་དང་། རྩི་སྟོན་གྲགས་སེ། ཇོ་སྲས་སྤྲ་ལུང་བ་གསུམ་ཡིན།
རྨེའུ་ལྷ་རི་གཉན་པོ་གྲོངས་པའི་མདང་ལ་བླ་མ་སུ་ཞིག་གདན་དྲངས་ཏེ་དགོངས་པའི་གསལ་འདེབས་གནང་།
ལན།༽ རི་ཁྲོད་པ་དང་། བྲུ་རྗེ་གཡུང་དྲུང་བླ་མ། ཞུ་སྒྲོལ་བ་གཤེན་རྒྱལ་སོགས།
རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བརྒྱད་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།
ལན།༽ ཕྱི་ནང་གསང་གསུམ་མམ་མདོ་སྔགས་རྫོགས་གསུམ་གྱི་གཙུག་ལག་ཁག་ལ་འགྲེལ་བ་རྒྱས་བསྡུས་སྣ་ཚོགས་མཛད་དེ། བོན་གྱི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐོར་བྲིས་ཡོད།
རྨེའུ་མཁས་པ་དཔལ་ཆེན་གྱི་མདུན་ནས་གཙང་གཙུག་གི་སྡོམ་པ་ནོད་མཁན་གྱི་མཁས་པ་གང་ལགས།
ལན།༽ མར་སྟོན་རྒྱལ་ལེགས་སམ་འགྲོ་མགོན་སྨན་གོང་བ།
རྨེའུ་མཁས་པ་དཔལ་ཆེན་ཁོང་གིས་འགྲོ་མགོན་སྨན་གོང་བ་གུར་ཞོག་ཏུ་མཁན་པོ་བསྐོས་ཏེ། གྲྭ་བ་ཉིས་བརྒྱ་ལྷག་དང་མཉམ་དུ་བར་ཐང་བྱེ་སྟོད་དུ་བྱོན་ནས་གྲྭ་བ་རྣམས་ལ་གཞུང་ཅི་ཞིག་འཆད།
ལན།༽ ཚད་མ་རྣམ་འགྲེལ་དང་། སྲིད་པའི་མཛོད་དང་། ས་ལམ་སོགས་འཆད། གཞན་བོན་པོ་དད་པ་རྣམས་ལ་གབ་པ་རྐྱང་བཤད་གནང་།
བར་ཐང་བྱེ་སྟོད་ཀྱི་གྲྭ་བ་རྣམས་ལ་གདམས་ངག་ཅི་ཞིག་གསུངས།
ལན།༽ འཇིག་རྟེན་འདིའི་ཡོད་ཚད་ལ་སྙིང་བོ་མེད་པར་གསུངས་ཤིང་། སྡིག་སྤངས་དགེ་སྒྲུབ་ཀྱི་ལས་ལ་འབད་དགོས་པའི་ཞལ་ཏ་མང་དུ་གནང་།
བར་ཐང་ནས་ཡར་སྙེ་མོར་བྱོན་ཏེ་མདོ་སྟོད་སྨད་ཀྱི་གྲྭ་བ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་ལོངས་ལ་དྲང་སྲོང་གྱིས་གསུང་དུས་ཁོ་ཚོས་ག་རེ་གནང་།
ལན།༽ ངེད་རྣམས་གསང་སྔགས་པ་བྱེད་པ་ལས་དྲང་སྲོང་མི་བྱེད་གསུངས།
རྨེའུ་མཁས་པ་དཔལ་ཆེན་གྱིས་ཉོན་མོངས་པའི་གཉེན་པོ་གང་འགྲོ་ན། དེ་ནི་འབྲས་བུ་སངས་རྒྱས་སྒྲུབ་པའི་ཐབས་ཡིན་པས་སྔགས་དང་འདུལ་བ་གཉིས་མི་འགལ་གསུངས་ནས། སྟོད་སྨད་ཀྱི་གྲྭ་བ་རྣམས་འདུལ་བར་ཚུད་པ་ཡིན་ནམ།
ལན།༽ བསྙེན་རྫོགས་ཀྱི་སྡོམ་པ་མནོས་ནས་འདུལ་བར་ཚུད་དེ་འཆད་ཉན་པ་ཡང་སུམ་བརྒྱ་ཙམ་རེ་བྱུང་།
སྤ་འོད་གསལ་རྒྱལ་མཚན་གྱིས་ཚད་མའི་སློབ་དཔོན་དུ་བསྟེན་མྱོང་བའི་རྨ་བྱང་བརྩོན་འགྲུས་ཟེར་བ་དེ་སུ་ཡིན།
ལན།༽ ཚད་མ་དང་དབུ་མའི་རིག་གཞུང་ལ་མཁས་པའི་རྨ་བྱ་བྱང་བརྩོན་ཞུ་བ་དེ་ཡིན་ནམ་དཔྱོད།
སྤ་འོད་གསལ་རྒྱལ་མཚན་གྱིས་རྨེའུ་མཁས་པ་དཔལ་ཆེན་ལ་ས་གནས་གང་དུ་རིག་གཞུང་སྐོར་གྱི་རྩོད་པ་དང་གསུང་གླེང་མཛད།
ལན།༽ སྙེ་མོ་བཟང་རི་དགོན་པ།
རྨེའུ་མཁས་པ་དཔལ་ཆེན་གྱིས་སྤ་འོད་གསལ་རྒྱལ་མཚན་ལ་ཇི་ལྟར་གདམས་པ་ཡིན།
ལན།༽ རྨེའུ་དཔལ་ཆེན་གྱི་ཞལ་ནས། བྱེའུ་ཕྲུག་ལུད་པས་བརྣང་བ་ཡིན། ། ཉོན་མོངས་མ་རིག་འཁྲུལ་པ་ལང་བའི་དུས། ། གཉེན་པོ་མེད་ན་མཁས་པ་ཅི་ལ་ཕན། ། ལས་འབྲས་མི་བསླུ་ངེས་པར་ཤེས་བཞིན་དུ། །སྡིག་སྤྱོད་དགེ་བ་མི་བསྒྲུབ་སྐྱེས་བུ་དེ། ། མཁས་པ་ཡིན་བསམ་དེ་ལས་བླུན་ནས་མེད། ། ཅེས་གསུངས་སོ། །
རྨེའུ་མཁས་པ་དཔལ་ཆེན་མཆོག་གིས་ཅི་ཞིག་བསྟན་པའི་སྲོག་ཤིང་ཡིན་པ་དང་། རང་རེ་བོན་པོ་འདི་གཞན་ལས་ཞན་པ་ཡིན་ཚུལ་ཇི་ལྟར་གསུངས་ཡོད།
ལན།༽ རང་རེ་བོན་པོ་འདི་ལས་ཞན་པ་མེད། བོན་སྒྲུབ་ཐག་ཉེ་ལ་བྱིན་རླབས་མྱུར་བའི་འདི་འདྲ་ཁོ་ན་གྲུབ་ཐོབ་ཀྱིས་རྒྱལ་ཁམས་འགེངས་པར་འདུག་སྟེ། རང་རེ་འདྲ་བ་བསྒྲུབ་མི་ནུས་ཐོས་བསམ་བྱེད་མི་ནུས་པར་ཐར་པར་ཐོབ་ཏུ་འདོད་པ་ཡ་ཆ་ཆེ། ཁྱོད་རྣམས་ཐོས་བསམ་ལ་འབད་ན་བསྟན་པའི་སྲོག་ཤིང་ཡིན་གསུངས་ཤིང་། འདུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་ལ་འཆད་ཉན་ལ་རེམས་གསུངས་སོ། །
མུ་འགོད་བྱ་རྒྱུ་ཡིན།
བསམ་ཚུལ་ཕྲིས།