བོན་གྱི་མདོ་གཟེར་མིག་ལས་བན་ལུགས་ཀྱི་བཀའ་ཐང་སྡེ་ལྔའི་ནང་དོན་ཞལ་བཤུས་བྱས་ཡོད་སྐོར་རོབས་ཙམ་གླེང་བ།
རྩོམ་ཡིག་འདི་ཐེངས། 1591 བཀླགས་འདུག
།
།
རྩོམ་ཡིག་འདིའི་ནང་དོན་དེ་ངོས་རང་ཆུང་ངུའི་སྐབས་སུ་མཁས་དབང་གཤོབ་ཤེས་རབ་བསམ་གཏན་གྱི་མདུན་ནས་གྲོགས་ཨ་སྣང་བྷེ་དང་མཉམ་དུ་མཚན་ཉིད་དཔེ་ཁྲིད་ཞུ་སྐབས། མཁན་པོ་ཁོང་གི་བཞུགས་གདན་གྱི་ཡར་ངོས་སུ་དཔེ་དེབ་མང་པོ་བརྩེགས་འདུག་པའི་ནང་བཀའ་ཐང་སྡེ་ལྔ་དེབ་གཟུགས་ཅན་ཞིག་ཡོད་པ་དེ་ཁོང་གིས་ཕྱག་ཏུ་བླངས་ནས། བཀའ་ཐང་སྡེ་ལྔ་དང་མདོ་གཟེར་མིག་གཉིས་བར་འདྲ་བཤུས་ཀྱི་རྣམ་པ་ཞིག་ཡོད་ལུགས་གསུངས་པ་དེ་ཕྱིས་སུ་ཡང་བདག་གི་ཡིད་ལ་གསལ་བོར་དྲན་གྱི་འདུག རྐྱེན་དེས་བདག་གིས་ཀྱང་དཔེ་ཀློག་མང་པོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་དཔེ་གཞུང་དེ་གཉིས་ཀྱི་ནང་དོན་ལ་འདྲ་བཤུས་ཀྱི་སྣང་ཚུལ་ཡོད་པར་ཤེས་རྟོགས་དང་དྲན་སྐུལ་ཐོབ་བྱུང་བ་མ་ཟད། འདི་བཞིན་ཉིས་སྟོང་དགུ་ལོར་རྩོམ་ཡིག་འདི་ཉིད་འབྲི་བའི་ལག་ལེན་དངོས་ལ་ཡང་ཞུགས་པ་ཡིན། འོན་ཀྱང་དཔེ་གཞུང་འདི་གཉིས་གཞིབ་བསྡུར་བྱེད་མཁན་གྱི་ཐད་ལ་བདག་ཙམ་མ་ཟད། ཕྱི་རྒྱལ་བའི་བོད་རིག་པའི་ཞིབ་འཇུག་མཁན་སྦུ་ལོན་དྷུ་ཟེར་བས་ལྷ་འདྲེ་བཀའ་ཐང་ལ་དཔྱད་པ་ཞེས་པ་སྤེལ་ཡོད་སྐོར། མཁས་དབང་དོན་གྲུབ་ལྷ་རྒྱལ་གྱིས་ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་སྒྱུར་ནང་དུ་བཤད་ཡོད། ཡིན་ན་ཡང་རྩོམ་དེབ་དེའི་ནང་དུ་ཁ་བྱང་ཙམ་ལས་རྩོམ་ཡིག་བྱིངས་དེ་བཀོད་མི་འདུག དེ་མིན་ར་སེ་དཀོན་རྒྱམ་པ་ཟེར་བས་ཀྱང་དཔེ་གཞུང་དེ་གཉིས་པོའི་སྐོར་ལ་རྩོམ་ཐུང་ཞིག་སྤེལ་འདུག་སྟེ། ཁོང་གིས་ལྟ་བ་དྲང་པོའི་ལམ་དུ་ཞུགས་ནས་དཔྱད་བརྗོད་གནང་ཐུབ་མེད་པ་མ་ཟད། རྩོམ་ཡིག་དེ་ཤོག་ལྷེ་གཉིས་གསུམ་ཤིག་གིས་འཐུས་པར་བྱས་འདུག་པས་བརྗོད་གཞིའི་ཐད་ལ་ཡང་ཁ་གསལ་དང་ཞིབ་མོ་བྱུང་མེད། བདག་གིས་འདིར་ཁ་གསལ་ཞིབ་རེ་ཡོང་བའི་ཐབས་ལ་འབད་ཁུལ་བྱས་མོད་ཀྱང་། མ་འདང་བའི་ཆ་དང་ནོར་འཁྲུལ་དུ་སོང་བ་ནི་ཅི་ནས་ཀྱང་ཡོད་སྲིད་པས་དཔྱོད་པ་བ་ཚོས་དགོངས་འཆར་ལྷུག་སྩོལ་ཡོང་རེ་ཞུ་ཡི་ཡོད།
།
ཚན་པ་དང་པོ། དྲང་རྗེ་བཙུན་པ་གསེར་མིག་དང་ཡར་རྗེ་ཨོ་རྒྱན་གླིང་པ་གཉིས་ཀྱི་བར་བྱུང་བའི་ལོ་ཚིགས་ཀྱི་ཁྱད་པར་།
༡ དྲང་རྗེ་བཙུན་པ་གསེར་མིག་ནམ་བྱུང་གི་དུས་རབས་དང་ལོ་ཚིགས།
།
དྲང་རྗེ་བཙུན་པ་གསེར་མིག་གིས་བོན་དཔེ་མདོ་གཟེར་མིག་ཅེས་པ་གཏེར་ནས་བཞེས་ཤིང་སྤེལ་བ་དེས་སྟོན་པ་གཤེན་རབ་མི་བོ་ཆེས་བོན་གྱི་བསྟན་པ་ཇི་ལྟར་སྤེལ་བ་དང་། ཐེག་པའི་རིམ་པ་ཇི་ལྟར་གཏན་ལ་ཕབ་ཡོད་མེད་སོགས་ཀྱི་ལ་གསལ་བྱེད་ལྟ་བུར་གྱུར་ཡོད་ཅིང་། ཁོང་གིས་གཏེར་ནས་བཞེས་པའི་ བོན་དཔེ་མདོ་གཟེར་མིག་གིས་བོན་གྱི་བསྟན་འབྱུང་དཔེ་གཞུང་ཁྲོད་གནས་བབས་མཐོན་པོར་ཟིན་ཡོད་པ་རྩོད་མེད་ཡིན།སྤྱིར་བན་བོན་གཉིས་ཀར་གཏེར་སྟོན་བརྒྱ་རྩ་བརྩི་བའི་ལུགས་སྲོལ་ཞིག་བྱུང་ཡོད་ཀྱང་། བོན་ཕྱོགས་ ནས་བཤད་ན་གཏེར་སྟོན་བརྒྱ་བརྩི་སྲོལ་ཡོད་པ་ཙམ་ལས་གཏེར་སྟོན་བརྒྱ་རྩའི་སྐོར་ཞིབ་ཕྲ་བཀོད་པ་དང་དེའི་སྐོར་གྱི་ལོ་རྒྱུས་ཆ་ཚང་ཞིག་ཕལ་ཆེར་མཐོང་རྒྱུ་དཀོན་པོར་ཆགས་ཡོད། གནའ་བོའི་བོན་གྱི་རིག་གཞུང་རྒྱུན་འཛིན་གནང་མཁན་ཚོས་བོན་གྱི་གཏེར་སྟོན་བརྒྱ་རྩའི་འཁྲུངས་གནས་དང་ལོ་ཚིགས། མཛད་འཕྲིན་སྐོར་ཞིབ་འབྲི་བྱེད་ཐུབ་མེད་པའི་དབང་གིས་རྩོམ་ཡིག་འདིའི་བརྗོད་གཞིར་གྱུར་བའི་བོན་གྱི་གཏེར་སྟོན་པ་དྲང་རྗེ་བཙུན་པའི་འཁྲུངས་འདས་དང་མཛད་འཕྲིན་སྐོར་ལ་དཀའ་ཁག་འཕྲད་ཀྱི་ཡོད། འོན་ཀྱང་ང་ཚོས་བོན་གྱི་འབྲེལ་ཡོད་ཡིག་ཆ་ཁག་ལ་བལྟ་ཀློག་གང་ཐུབ་ཀྱིས་དྲང་རྗེ་བཙུན་པ་གསེར་མིག་གི་འཁྲུངས་གནས་དང་ལོ་ཚིགས་སོགས་ལ་ཤེས་རྟོགས་དང་། གཞི་དེ་ལྟ་བུ་ཞིག་ལ་བརྟེན་ནས་ཁོང་གིས་མདོར་གཟེར་མིག་དེ་ཉིད་ལོ་དུས་གང་ཞིག་གི་ནང་གཏེར་ནས་བཞེས་ཡོད་མེད་ལ་ཞིབ་དཔྱོད་བྱས་ཏེ།ཡར་ཀླུང་ཨོ་རྒྱན་པས་གཏེར་ནས་བཞེས་པར་གྲགས་པའི་བཀའ་ཐང་སྡེ་ལྔ་དང་མདོ་གཟེར་མིག་གཉིས་པོའི་ཐོག་མའི་ཕྱི་མོ་གང་ཡིན་དང་གང་ལས་ཞལ་བཤུས་ཡོད་མེད་སོགས་ཀྱི་འགག་གནད་ལ་དཔྱད་ཞིབ་བྱེད་དགོས་པར་གྲུབ་ཡོད། དཔེ་གཞུང་གཉིས་པོ་གཏེར་ནས་ལེན་མཁན་གྱི་མི་སྣ་རེ་རེའི་ལོ་རྒྱུས་མ་ཤེས་པར་ཡིག་ཆ་དེ་གཉིས་པོའི་མ་ཡིག་བུ་ཡིག་གང་ཡིན་འཚོལ་ཐབས་གཞན་མེད་ཕྱིར། སྐབས་འདི་དང་འབྲེལ་བའི་བོན་གྱི་གཏེར་སྟོན་པ་དྲང་རྗེ་བཙུན་པ་གསེར་མིག་དང་བཀའ་ཐང་སྡེ་ལྔ་གཏེར་ནས་ལེན་མཁན་ཡར་རྗེ་ཨོ་རྒྱན་གླིང་པ་གཉིས་ཀྱི་འཁྲུངས་འདས་དང་།དུས་རབས་སྔ་ཕྱིའི་ཁྱད་པར་སོགས་ལ་གཤིབ་བསྡུར་བྱས་ཏེ། དཔེ་གཞུང་མི་འདྲ་བ་གཉིས་པོའི་ནང་གི་མ་ཡིག་གང་ཡིན་ལ་བརྩད་ཞིབ་དང་། ལེའུ་རེ་རེའི་ནང་གི་ཚིག་དོན་གཤིབ་བསྡུར་བྱེད་པའི་བྱ་ཐབས་སྤྱད་ནས་དཔྱད་གླེང་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། ཁོ་བོས་འདིར་བོན་གྱི་མཁས་དབང་སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད་པའི་དར་རྒྱས་གསལ་སྒྲོན་དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་། དེ་བཞིན་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་། ཤར་རྫའི་ལེགས་བཤད་མཛོད། དཔལ་ཚུལ་བསྟན་འབྱུང་སོགས་སུ་གང་འཁོད་པ་དེ་བེད་སྤྱད་རྒྱུ་གཙོ་བོར་བཟུང་ནས་གླེང་རྒྱུ་ཡིན། དར་རྒྱས་གསལ་སྒྲོན་ནང་དུ་བཀོད་པ་ལྟར་ན།
།
“དེ་ནས་མངའ་བདག་1འདས་ཁར་སྲས་ནེ་ར་ཛ་འཛིང་ཡོན་2ལ་གཏད། དེ་ནས་མངའ་བདག་རལ་པ་ཅན་3ལ་གཏད་། དེས་སྲས་དར་མ་4ལ་གཏད། དར་མའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་འཁྲུགས་ནས། སྐུ་ཡི་སྔགས་མཁན་དྲང་ང་དཔལ་གྱི་ཡོན་ཏན་5ལ་གཏད། དེས་དཔལ་གྱི་གྲགས་པ་6ལ་བརྒྱུད། དེའི་སྲས་རིན་ཆེན་དམ་པ7། དེ་ལ་སྲས་མེད་ནས་རྒས་ཁར་ཆུན་མ་བླངས་བས།བུ་དྲང་མདོ་ལས་8སྐྱེས་ཏེ། བུ་དེ་ཕ་དང་ལོ་བཞི་ལས་མ་འགྲོགས་པར་ཡབ་གྲོངས་སོ།། འདའ་ཁར་བུ་ལ་ཁ་ཆེམ་བཞག་མ་རན་པར། ཚ་བུ་དྲང་རྗེ་བཙུན་པ་དད་པ་ཚུལ་ཁྲིམས་9དང་། བུའི་ཞང་པོ་ར་ཞག་འདྲེ་ཆུང་གཉིས་བོས་ནས། ངའི་བུ་ལོ་བཅུ་གསུམ་མ་ལོན་བར་དུ་གཏེར་དུ་སྦོས་ཤིགདེའི་གོང་དུ་མ་འདོན་ཅིག་བྱས་ནས་མནའ་བསྒགས། དེ་ནས་བཏོན་ལ་ཁྱེད་ཀྱིས་སྤྱོད།ངའི་བུ་ལ་ཡང་བྱིན་ཅིག་”ཟེར་བའི་ནང་དོན་དེར་བལྟས་ཚེ་དྲང་རྗེ་བཙུན་པ་གསེར་མིག་གི་གོང་དུ་མདོ་གཟེར་མིག་ཉམས་སུ་ལེན་མཁན་གྱི་མི་སྣ་དགུ་བྱུང་ཡོད་པ་དང་། མི་སྣ་དགུ་བོའི་ཐོག་མ་དེ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ཡིན་པར་བསྟན་ཡོད། དར་རྒྱས་གསལ་སྒྲོན་དང་སྒ་སྟོན་གཏེར་གྱི་ཁ་བྱང་སོགས་སུ་བཙན་པོ་འདིའི་མཚན་ལ་ནེ་ར་འཛིང་ཡོན་ཞེས་འབོད་ཚུལ་མི་འདྲ་བ་ཞིག་བཀོད་སྲོལ་བྱུང་ཡོད་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཚང་གཞན་དག་ཏུ་འབྲི་ཚུལ་དེ་རིགས་མཐོང་དུ་མེད། བཙན་པོ་ཁྲི་ལྡེ་སྲོང་སད་ན་ལེགས་མཇིང་ཡོན་ནི་སྤྱི་ལོ་༧༧༦ལོར་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོངས་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁོང་ཉིད་དགུང་ལོ་ལྔ་བཅུ་ལྷག་ཙམ་ལ་འཚོ་གཞེས་གནང་སྐོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན། བཙན་པོ་འདི་ཉིད་ནས་བརྩིས་ན་དྲང་རྗེ་བཙུན་པ་གསེར་མིག་བར་དུ་མདོ་གཟེར་མིག་གི་དཔེ་ཆོས་ལག་བརྒྱུད་བྱེད་མཁན་གྱི་མི་རབས་དགུ་བྱུང་ཡོད་ཅིང་། དགུ་བོ་རེ་རེ་ཡང་མ་མཐའ་དགུང་གྲངས་ཉི་ཤུར་བཞུགས་ཡོད་པར་ཆ་འཇོག་བྱས་ནས་བརྩིས་ན་ཆ་སྙོམས་ལོ་༡༨༠སོང་ཡོད་ལ། དེ་ནི་དུས་རབས་གཅིག་དང་ཕྱེད་ལྷག་སོང་བར་འདོད་དགོས་ཀྱི་ཡོད། དེ་སྟེང་དུ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་སྐུ་འཁྲུངས་པའི་ལོ་སྟེ་སྤྱི་ལོ་༧༧༦གི་ཐོག་ཏུ་ལོ་བརྒྱ་དང་བརྒྱད་ཅུ་བོ་བསྣན་ཚེ་སྤྱི་ལོ་༩༥༦་ཙམ་དུ་ཁེལ་བ་དང་། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ནས་དྲང་རྗེ་བཙུན་པའི་བར་དུ་བརྒྱུད་རིམ་དགུ་བྱུང་ཡོད་པ་དེ་དག་གི་ལོ་ཚིགས་རགས་རིམ་ཙམ་ལ་བརྟེན་ནས་དྲང་རྗེ་བཙུན་པ་གསེར་མིག་དེ་ཉིད་དུས་རབས་བཅུ་པའི་ནང་སྟེ་སྤྱི་ལོ་༩༥༦་ཙམ་ལ་བྱོན་པའི་མི་སྣ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།གཞན་ཡང་མངའ་བདག་འདའ་ཁར་སྲས་ནེ་ར་འཛིངས་ཡོན་ལ་གཏད། དེས་སྲས་རལ་པ་ཅན་ལ་གཏད། དེས་དར་མ་ལ་གཏད་ཅེས་འབྱུང་བ་ལྟར་ན་མདོ་གཟེར་མིག་འདི་ཉིད་དུས་སྐབས་དེར་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ཉམས་བཞེས་གནང་བའི་དཔེ་གཞི་རྩ་ཆེན་ཞིག་ཀྱང་ཡིན་པ་ཤེས་ཐུབ།ཡུམ་བརྟན་དང་འོད་སྲུང་གཉིས་ནང་འཁྲུཊ་བྱུང་བ་དེས་བོད་ཀྱི་ཆོས་སྲིད་རིག་གནས་གང་ཅིར་ཉམས་ཆགས་ཐེབས་ཡོད་པ་སྨོས་མེད་ཡིན་རུང་། མདོ་གཟེར་མིག་གི་དཔེ་གཞི་འདི་ཉིད་ལ་ཉམས་ཆགས་མ་བྱུང་བར་སྔར་བཞིན་སྐུ་ཡི་སྔགས་མཁན་དྲང་ང་དཔལ་གྱི་ཡོན་ཏན་བྱ་བས་རྒྱུན་བཟུང་ནས་གནས་ཡོད་པ་ལྟར་རོ། །
།
༢ ཡར་རྗེ་ཨོ་རྒྱན་གླིང་བ་ནམ་བྱུང་གི་དུས་རབས་དང་ལོ་ཚིགས།
།
ཡར་རྗེ་ཨོ་རྒྱན་གླིང་པ་ནི་སྤྱི་ལོ་༡༣༢༣ལོ་སྟེ་བོད་རབ་བྱུང་ལྔ་བའི་ཆུ་མོ་ཕག་གི་ལོར་གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་སྐུ་འཁྲུངས་ཡོད་པ་དང་། ཁོང་ཉིད་དགུང་ལོ་ཉེར་གསུམ་ལ་སླེབས་ཐོག་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཚུལ་བཤད་སྲོལ་ཡོད་རུང་ཡིག་ཆ་ལ་ལར་དུས་སྐབས་དེར་བཀའ་ཐང་སྡེ་ལྔ་གཏེར་ནས་བཞེས་ཤེས་འཁོད་ཡོད། ཡར་རྗེ་ཨོ་རྒྱན་གླིང་པ་དུས་རབས་བཅུ་བཞི་པའི་དུས་སྟོད་དུ་བྱོན་པའི་སྔ་འགྱུར་རྙིང་མ་བའི་གཏེར་སྟོན་ཞིག་ཡིན་ལ། ཁོང་གིས་བཀའ་ཐང་སྡེ་ལྔ་ཙམ་མ་ཟད་བན་ཕྱོགས་ཀྱི་ཆོས་དཔེ་ཅི་རིགས་གཏེར་ནས་བཞེས་པ་དེས་ཁོང་ནི་སྔ་འགྱུར་རྙིང་མའི་ལོ་རྒྱུས་ཁྲོད་གནས་བབས་མཐོན་པོར་ཟིན་པའི་གཏེར་སྟོན་པ་ཞིག་ཏུ་གྱུར་ཡོད། བོན་གྱི་གཏེར་སྟོན་པ་དྲང་རྗེ་གསེར་མིག་བྱོན་པའི་ལོ་ཚིགས་ནི་དུས་རབས་བཅུ་བའི་ནང་དུ་ཁེལ་པར་བརྟེན། དྲང་རྗེ་གསེར་མིག་དེ་ཡར་རྗེ་ཨོ་རྒྱན་གླིང་པ་ལས་ལོ་ངོ་སུམ་བརྒྱ་ལྷག་གིས་སྔ་བར་གྱུར་ཡོད་པས། གཏེར་སྟོན་པ་ཡར་རྗེ་ཨོ་རྒྱན་གླིང་པས་བོན་གྱི་དཔེ་ཆོས་མདོ་གཟེར་མིག་གི་ཁོག་གཞུང་ལ་ཕྱི་མོར་བྱས་ཏེ་དུས་རབས་བཅུ་བཞི་བའི་ནང་བཀའ་ཐང་སྡེ་ལྔ་རྩོམ་སྒྲིག་བྱས་པ་དེ་ཤེས་རྟོགས་ཐུབ་ཀྱི་ཡོད་ལ། དཔེ་ཆོས་གཉིས་པོའི་བརྗོད་བྱའི་ནང་དོན་དང་། ཚིག་འགྲོས་ཀྱི་གཅུམས་ཆ།དཔེ་གཞུང་གཉིས་ཀྱི་ནང་བཀོད་པའི་མི་སྣའི་གཟུགས་བརྙན་དང་། བྱུང་རབས་ཀྱི་གྲུབ་གཞིའི་རྣམ་པ་སོགས་ཕྱོགས་གང་ཐད་ནས་མ་ཡིག་བུ་བཤུས་སུ་སོང་ཡོད་པར་མཐོང་ཐུབ།
།
ཚན་པ་གཉིས་པ། གཏེར་སྟོན་པ་གཉིས་ཀྱིས་གཏེར་དཔེ་ལེན་ཡུལ་གནས་ གཅིག་ཏུ་ངེས་པའི་སྐོར།
༡ མདོ་གཟེར་མིག་གཏེར་ནས་ལེན་སའི་གནས་གང་དུ་གཏོགས་མིན།
།
དྲང་རྗེ་བཙུན་པས་མདོ་གཟེར་མིག་གཏེར་ནས་ཇི་ལྟར་བླངས་ཚུལ་ལམ་རྙེད་པའི་ཚུལ་ལ་མངའ་བདག་ནས་བརྩིས་ཏེ་དྲང་རྗེ་བཙུན་པ་གསེར་མིག་གི་བར་དུ་བརྒྱུད་རིམ་དགུ་ཙམ་སོང་བའི་ཨང་བདུན་པ་རིན་ཆེན་དམ་པ་ཞེས་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན།རིན་ཆེན་དམ་པ་བྱ་བ་དེ་ལ་སྲས་མེད་པས་རྒས་ཁར་ཆུན་མ་ཞིག་བླངས་བ་དེར་བུ་དྲང་ང་མདོ་ལས་སྐྱེས་ཞེས་པ་ཞིག་འཁྲུངས་ཚུལ་བཀོད་ཡོད། འོན་ཀྱང་ཡབ་རིན་ཆེན་དམ་པ་ཞུ་བ་ལོ་ན་རྒས་ཆེ་བས་ཁོང་གི་བུ་དེ་ནར་མ་སོན་གོང་ནས་དུས་ལས་འདས་པར་གྱུར་ཞིང་། འདའ་ཁར་བུ་ལ་ཁ་ཆེམ་འཇོག་མ་ཐུབ་པར་ཚ་བུ་དྲང་རྗེ་བཙུན་པ་དད་པ་ཚུལ་ཁྲིམས་དང་། བུའི་ཞང་པོ་ར་ཞག་གམ་འདྲེ་ཆུང་གཉིས་ཁོང་གི་གམ་དུ་བོས་ནས། ཁོང་གི་བུ་དེ་ལོ་བཅུ་གསུམ་མ་ལོན་བར་དུ་མདོ་དཔེ་འདི་གཏེར་དུ་སྦེད་ཅིང་མི་འདོན་པའི་མནའ་བསྒགས་པ་ལ། དེ་གཉིས་ནས་ཀྱང་དུས་ཚོད་མ་ཟིན་བར་དུ་གཏེར་ནས་མི་འདོན་པའི་དམ་བཅས།རིན་ཆེན་དམ་པ་སྐུ་གཤེགས་རྗེས་དྲང་རྗེ་བཙུན་པ་གསེར་མིག་གིས་ཁས་ལེན་བཞིན་མ་བྱས་པར། བུ་དྲང་ང་མདོ་ལས་སྐྱེས་ལོ་བཅུ་གསུམ་མ་ལོན་གོང་ནས་མདོ་དཔེ་དེ་ཉིད་ཉང་སྨད་དབྱེན་(དེང་དུས་ཀྱི་དབང་དུ་བྱས་ན་ཡུལ་ལུང་༣༤༢དེ་ཡིན།)བྱ་བའི་ཡུལ་ནས་བཏོན་ཅིང་། མདོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་ཤོག་སེར་འཁྱེར་ནས་སྟོད་ལུང་དུ་ཕྱིན་ཏེ་མར་པ་སྟག་ལ་(དེང་སང་སྟོད་ལུང་གི་༥༣༢ཁོངས་སུ་ཡོད།)དབང་ཟེར་བ་ཞིག་ཡོད་པ་དེར་བསྟན། མར་པ་སྟག་ལ་དབང་གིས་རྟ་གཅིག་ཡོན་དུ་ཕུལ་ནས་མདོ་གཟེར་མིག་ཞུས་ཤིང་ཤོག་སེར་དེ་གང་ནས་བྱུང་མིན་དྲིས་པར་དྲང་རྗེ་བཙུན་པ་གསེར་མིག་གིས་གླིང་གི་ལྷོ་ཕུག་ཁྲི་དང་དུར་ཁྲོད་ནས་རྙེད་ཚུལ་བཤད་ཡོད། འོན་ཀྱང་དེ་ལ་ཡང་བོན་གཞུང་རྣམས་སུ་བཤད་སྲོལ་མི་འདྲ་བ་ཁག་ཅིག་བྱུང་ཡོད་པ་མཐོང་རྒྱུ་འདུག་ཀྱང་། ང་ཚོས་བཤད་ཚུལ་དེ་དག་ལ་མནོ་བསམ་བྱས་ཚེ་བོན་དཔེ་དེ་ཉིད་དྲང་རྗེ་བཙུན་པ་གཟེར་མིག་གིས་གཏེར་ནས་བླངས་པའི་བོན་དཔེ་ཞིག་མ་ཡིན་པར་དེ་ནི་མི་རབས་རིམ་བརྒྱུད་དུ་བྱུང་བའི་བོན་དཔེ་ལྷད་མེད་ཅིག་ཡིན་པའི་ཚུལ་ལ་ངེས་ཤེས་རྙེད་ཀྱི་ཡོད། ཡིན་ན་ཡང་། བོན་གཞུང་རྣམས་སུ་དཔེ་ཆོས་དེ་གཏེར་ནས་བླངས་པའི་སྐོར་ཞིག་བཤད་ཡོད། ལེགས་བཤད་གཏེར་མཛོད་དང་དར་རྒྱས་གསལ་སྒྲོན་གཉིས་ཀར་གཅིག་མཐུན་གྱི་ཚིག་ཅིག་བྱུང་ཡོད་པ་ནི་གླིང་གི་ཁྲི་དང་དུར་ཁྲོད་ཅེས་པ་དེ་ཡིན་རུང་། ཤར་རྫའི་ལེགས་བཤད་གཏེར་མཛོད་དུ་མདོ་གཟེར་མིག་གཏེར་ནས་ལེན་སའི་ཡུལ་ལ་ས་གནད་མི་འདྲ་བ་གསུམ་ཙམ་ཞིག་ཡོད་པར་བཀོད་ཡོད། དང་པོ་ནི་ལྷོ་ནུབ་ཁྲི་དང་དུར་ཁྲོད་ཀྱི་གླིང་དུ་སྲིན་པོའི་ཁ་གནོན་ཅ་ཏི་དམར་པོ་བཞེངས་ཞེས་པ་ལ་བརྟེན་ནས་ཅ་ཏི་ནས་བཏོན་ཟེར་ཞིང་། གཉིས་པ་ནི་བསམ་ཡས་ཧས་པོ་རིའི་ཞོལ་གྱི་དུར་ཁྲོད་དུ་དྲང་རྗེ་ཉིད་ཀྱིས་ས་ལ་རི་མོ་བྲིས་པས་སོལ་བ་ཞིག་བྱུང་བ་བརྐོས་པས་གཡའ་མའི་ཁང་བུ་ཞིག་རྙེད་ཟེར་བ་སོགས་འདོད་པ་མང་ཡང་ཁྲི་ཟེར་བའི་ངོས་འཛིན་མེད་པས་མི་འཐད་ཅེས་འདོད་ཚུལ་གཉིས་པ་དེར་མོས་མཐུན་གནང་མེད། ཤར་རྫ་བས་འདོད་ཚུལ་ནི་བསམ་ཡས་ལྷ་ཁང་གི་ནང་ངོས། ལྷོ་ཕྱོགས་འདེར་སོ་དམར་པོའི་གདན་ཁྲིའི་རྒྱབ།ནང་གི་ལོགས་རིས་ཀྱི་གཤམ་དུ་བྱ་གཅན་ལ་སོགས་དུར་ཁྲོད་ཀྱི་གླིང་བྲིས་པའི་བར་དུ་ལོ་བརྒྱད་སྦས་ཏེ་བཏོན་པ་མཁས་པ་རྣམས་མགྲིན་གཅིག་ཏུ་བཤད་དོ་ཞེས་བཞེད་ཚུལ་གསུམ་པ་དེའི་རྗེས་སུ་འབྲངས་བར་མཛད་ཅིང་།མདོ་གཟེར་མིག་གི་མཇུག་བྱང་དུ”བར་དུ་ཆོས་ཀྱི་ཕྲག་དོག་གིས་ནུབ་པས།དྲང་རྗེ་བཙུན་པ་གསེར་མིག་གིས་གླིང་གི་ལྷོ་ཕུགས་ཀྱི་ཁྲི་དང་དུར་ཁྲོད་ཀྱི་ནང་ནས་རྙེད་པས་འཕེལ་བའོ། །མར་པ་སྟག་ལ་དབང་ལ་དངོས་གྲུབ་ཏུ་བབས་པ་ལགས་སོ་”ཞེས་གླིང་གི་ལྷོ་ཕུགས་དུར་ཁྲོད་ནས་རྙེད་ཚུལ་བཀོད་ཡོད་པར་དཔག་ཚེ་དྲང་རྗེ་བཙུན་པ་གསེར་མིག་གིས་མདོ་གཟེར་མིག་བྱ་བའི་བོན་དཔེ་དེ་ཉིད་བསམ་ཡས་ལྷོ་ཕུག་གི་ཁྲི་དང་དུར་ཁྲོད་དམ་ཡང་ན་དེའི་གནས་ཕྱི་ནང་གང་རུང་ཤིག་ནས་རྙེད་པའམ་གཏེར་ནས་བླངས་ཚུལ་བྲིས་ཡོད་པས།གཏེར་དཔེ་ལེན་ས་དེ་བསམ་ཡས་ཀྱི་ས་ཁོངས་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཐུབ།
།
༢ བཀའ་ཐང་སྡེ་ལྔ་གཏེར་ནས་ལེན་སའི་གནས་གང་དུ་གཏོགས་མིན།
།
བན་ཕྱོགས་སུ་གྲགས་ཆེ་བའི་བཀའ་ཐང་སྡེ་ལྔ་འདི་ཡང་གོང་གི་བོན་གྱི་མདོ་གཟེར་མིག་དང་འདྲ་བར་བསམ་ཡས་ནས་གཏེར་དུ་བཞེས་པའི་ཆོས་དཔེ་ཞིག་ཡིན་ཚུལ་ནི་བཀའ་ཐང་གི་གཞུང་རང་དུ་བསམ་ཡས་དབུ་རྩེ་ཆེན་མོའི་ལྷ་ཁང་ནས་གཏེར་དུ་བཞེས་ཟེར་བ་དང་། བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་ནས་གཏེར་དུ་བཞེས་ཟེར་སོགས་ཡང་ཡང་འབྱུང་བས་བསམ་ཡས་ནས་གཏེར་དུ་བཞེས་པ་ཞིག་ཡིན་པར་རྟོགས་ཐུབ་ཀྱང་། བཀའ་ཐང་སྡེ་ལྔ་བོའི་ལེའུ་རེ་རེའི་རྫོགས་མཚམས་སུ་མཇུག་བྱང་མི་འདྲ་བ་རེ་བཀོད་འདུག་པ་ལ་གཏེར་གནས་ཀྱི་ས་མིང་མི་འདྲ་བ་རེ་བཀོད་སྲོལ་བྱུང་བའི་དབང་གིས་དེ་དག་གཏེར་ནས་ལེན་ཡུལ་མི་འདྲ་བ་ཞིག་ཡིན་ནམ་སྙམ་པའི་དོག་གཞི་སྐྱེ་སྲིད་པ་ཞིག་རེད། ཡིན་ན་ཡང་ལྷ་འདྲེ་བཀའ་ཡི་ཐང་ཡིག་ལས།ལྷ་ལྕམ་མན་རྡ་ར་བས་ཡི་གེར་བཏབ།བསམ་ཡས་བུ་ཚལ་རུས་སྦལ་འོག་ཏུ་སྦས།ཞེས་དང་། བཙུན་མོ་བཀའ་ཡི་ཐང་ཡིག་གི་མཇུག་བྱང་དུ་མེ་མོ་ཕག་གི་ལོ། སྟག་གི་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་བུ་ཚལ་གསེར་ཁང་གླིང་གི་སྒོ་གཡས་རུས་སྦལ་འོག་ནས་གྲྭ་སྟོད་ཡར་ཆེན་པ་ཨུ་རྒྱན་གླིང་པ་ངས། ཀུན་དགའ་ཚུལ་ཁྲིམས་ཁྲིད་ནས་བཏོན་ཞེས་པས་གཏེར་དཔེ་ལེན་དེ་ཡུལ་བསམ་ཡས་བུ་ཚལ་དུ་ཡིན་པ་གསལ་བ་དང་། རྒྱལ་པོ་བཀའ་ཡི་ཐང་ཡིག་ཏུ་ཡང་གུ་རུ་ཨུ་རྒྱན་གླིང་པས་དགེ་བ་མཐར་རྒྱས་གླིང་ནས་སྤྱན་དྲངས་པའོ་ཞེས་འཁོད་ཡོད་ལ། བཙུན་མོ་བཀའ་ཡི་ཐང་ཡིག་དུ་ཡང་ཁམས་གསུམ་ཟངས་ཁང་གླིང་ནས་སྤྲུལ་སྐུ་ཨུ་རྒྱན་པས་སྤྱན་དྲངས་པའོ་ཞེས་བཀའ་ཐང་གི་ཚན་པ་མི་འདྲ་བ་དེ་དག་གཏེར་ནས་ལེན་ས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་དག་ཡིན་ཚུལ་དབའ་བཞེད་སོགས་སུ་བཀོད་ཡོད་ཅིང་། བཀའ་ཐང་སྡེ་ལྔ་ནི་བོན་གྱི་མདོ་གཟེར་མིག་དང་འདྲ་བར་བསམ་ཡས་ནས་དྲངས་པའི་གཏེར་ཆོས་ཤིག་ཡིན་པ་ཙམ་མ་ཟད། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཏོན་པར་གྲགས་པའི་བཀའ་ཐང་སྡེ་ལྔའི་དོན་གྱི་བརྗོད་པ་དང་ཚིག་གི་གྲུབ་གཞི་སོགས་ཀྱང་བོན་གྱི་མདོ་གཟེར་མིག་གི་བརྗོད་དོན་དང་ཚིག་རིས་ལ་བརྟེན་ནས་བཅོས་པའི་ཆོས་དཔེ་སྟེ་གཏེར་ཆོས་ལྷད་ཅན་ཞིག་ཡིན་ཚུལ་འོག་ནས་ཆོས་དཔེ་གཉིས་པོའི་ནང་དོན་སྐབས་སུ་དཔྱད་བསྡུར་བྱས་ཡོད།
མུ་འགོད་བྱ་རྒྱུ་ཡིན།
བསམ་ཚུལ་ཕྲིས།