ལྷ་བབ་དུས་ཆེན་སྐོར་གྱི་གླེང་མོལ།
རྩོམ་ཡིག་འདི་ཐེངས། 1444 བཀླགས་འདུག
།
སྙན་བཟང་བསོད་ནམས་གཡུང་དྲུང་།
ལོ་རེའི་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཀྱི་ཉིན་མོ་ནི་ལྷ་བབ་དུས་ཆེན་དུ་གཏན་འཁེལ་ཡོད། དེ་ལ་བོན་པོའི་བཤད་ཚུལ་ལ་སྟོན་པ་གཤེན་རབ་ཀྱི་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་ནམ་མཁའི་ལྷ་བྲན་གྱི་འཁོར་དང་བཅས་སྟག་གཟིག་འོལ་མོ་ལུང་རིང་གི་གསས་ཁང་དཀར་ནག་བཀྲ་གསལ་དུ་བབ་ནས་སྟོན་པས་གསུངས་པའི་བོན་ལ་ཀློག་བཤད་བཀའ་ཡི་འཁོར་ལོ་བསྐོར་བ་དེ་ལ་ལྷ་བབ་དུས་ཆེན་ཟེར། གདུང་སོབ་མུ་ཆོ་ལ་སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་སྟེ་འཛམ་གླིང་ཐ་གྲུ་ཀུན་ལ་བོན་བསྟན་སྤེལ་བའི་ལོ་རྒྱུས་ཤིན་ཏུ་རིང་བ་ཡིན། བན་དེ་རྣམས་ཀྱིས་བཤད་པ་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པའི་མ་ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་དགའ་ལྡན་དུ་སྐྱེ་བ་བླངས་ཤིང་སྟོན་པ་དེ་ལ་བལྟ་རུ་བྱོན་ནས་སླར་མི་ཡུལ་དུ་མར་བབ་པ་དེ་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་འཁེལ་སྟབས། སྟོན་པ་ལྷ་ལས་བབ་པའི་དུས་ཆེན་ཞེས་ཟེར་བ་རེད།
གོང་དུ་བཤད་པ་ལྟར་སྟོན་པ་གཤེན་རབ་མི་བོའི་རྒྱལ་ཚབ། གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་ལྷ་ལས་བབས་ནས་འོལ་མོ་ལུང་རིང་གི་གསས་ཁང་དཀར་ནག་བཀྲ་གསལ་དུ་བོན་འཁོར་བསྐོར་བའི་དུས་སུ་སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་བ། རྟག་གཟིགས་མཁས་པ་དམུ་ཚ་ཏྲ་ཧེ། ཧུ་ལུ་སྤར་ཡ། གཡུང་དྲུང་བློ་གསལ་གསུམ། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གདུང་སོབ་སྟོན་པའི་མདུན་དུ་བྱོན་ནས་གཡུང་དྲུང་བོན་གྱི་གཞུང་ལ་སྦྱང་བ་མཛད་དེ་མཁས་པར་གྱུར། དེའང་གཡུང་དྲུང་བོན་གྱི་བཀའ་འགྱུར་ལས་རྒྱུད་སྡེའི་སྐོར་ཀུན་འབུམ་གོ་འབྱེད་མངོན་རྟོགས་རྩ་བའི་འབུམ་ལས། ང་ནི་མྱ་ངན་འདས་འོག་ཏུ།། ཀུན་མཁྱེན་མུ་ཆོས་བསྟན་པ་འཛིན།། དེ་ལ་དགྱེས་པའི་གཤེན་པོ་ཡང་།། ཤར་ཕྱོགས་རྒྱ་ནག་རྒྱལ་ཁམས་སུ།། ལེགས་ཏང་རྨང་གིས་ཕྱི་རིག་འཆད།། ལྷོ་ཕྱོགས་རྒྱ་གར་རྒྱལ་ཁམས་སུ།། ལྷ་བདག་སྔགས་གྲོལ་ནང་རིག་འཛིན།། ནུབ་ཕྱོགས་ཏ་ཟིག་རྒྱལ་ཁམས་སུ།། དགྲ་བཅོམ་རྒྱལ་པོས་མཚན་མ་འཆད།། བྱང་ཕྱོགས་ཁྲོམ་གྱི་རྒྱལ་ཁམས་སུ།། གསེར་ཐོག་ལྕེ་འབྱམས་གསོ་རིག་སྟོན།།དབུས་ཕྱོགས་ཞང་ཞུང་སྨར་ཡུལ་དུ།། གྷ་ཏྲ་པ་ཡིས་སྒྲ་རིག་སྒྲོགས།། དེ་ལས་སོགས་པའི་གཤེན་ཕྲན་ཡང་།། གནས་ལྔའི་དོན་ཤེས་གྲངས་མེད་འབྱུང་།། བསྟན་པ་བོན་ཡང་འདི་ཡིས་སྐྱོངས།། ཤེས་དང་། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་ནི།། བསླབ་གསུམ་ཚུལ་འཛིན་སྒྲ་ཚད་རིག་དབང་བསྒྱུར།། རེས་འགར་རྣལ་འབྱོར་རེས་འགར་སྔགས་འཆང་ཆས།། ཕྱི་ནང་བོན་སྒོ་ཡོངས་ཀྱི་བརྒྱུད་པ་འཛིན།། ཞེས་གསུངས་པས། མཁས་པ་དེ་དག་སླར་རང་རང་གི་ཡུལ་དུ་བྱོན་ནས་བསྟན་པ་སྤེལ་བ་དང་། དེ་དག་གི་ཞབས་ལ་གཏུགས་པའི་སློབ་མ་མང་པོ་དང་། སློབ་བརྒྱུད་ཡང་བརྒྱུད་དུ་ཞང་བོད་གྲུབ་ཆེན་བརྒྱད་ཅུ་སོགས་མདོ་དབུས་ཁམས་གསུམ་གྱི་ས་ནས་བོན་གཤེན་རིག་འཛིན་བགྲང་གིས་མི་ལང་བ་བྱོན་ནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་སྤེལ་ནས་དར་བ་ལགས།
གདུང་སོབ་སྟོན་པ་བྱོན་པའི་ལོ་ཚིགས་ཀྱི་ཐད་ལ་མཁས་པ་རྣམས་ཞལ་མཐུན་པ་ཞིག་ཡོང་མེད། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱི་བསྟན་རྩིས། སྐལ་ལྡན་དང་འདྲེན་གྱི་ལུགས་གཅིག་ལ་ཤིང་འབྲུག་དང་། ལུགས་གཅིག་ལ་ཆུ་ཁྱི། མཁན་ཆེན་ཉི་མའི་ལུགས་ལའང་ཤིང་འབྲུག་ཡིན་མོད། དེ་དག་ལ་མི་ལོ་མང་པོའི་བར་ཁྱད་ཡོད་པ་བཤད་མ་དགོས་ཤིང་། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་ལ་མཛད་པའི་གླེང་གཞི་བསྟན་པའི་བྱུང་ཁུངས་ལས། བསྟན་པའི་གཙོ་བོ་ཤིང་ཕོ་བྱི་བའི་ལོ་ལ་འཁྲུངས། མི་ལོ་སུམ་སྟོང་ལྔ་བརྒྱ་ལ་བཞུགས། དེའི་ལུང་ལོ་རྒྱུས་སུ་དྲངས་ཚར། ཆུ་མོ་ལུག་གི་དགུན་ཟླ་ར་བའི་གནམ་སྟོང་ལ་གཤེགས། ཤེས་པ་ནས། སྟོན་པ་མྱ་ངན་འདས་ནས་མི་ལོ་བརྒྱད་ནས་མུ་ཆོ་བྱོན་ནས་མི་ལོ་གསུམ་དུ་བཞུགས་པར་མདོ་ནས་གསུངས། དེ་ནས་ལི་ཤུ་ལོ་བརྒྱད་བཞེས་དུས་དང་མཇལ་བར་ཤུགས་ལ་ཟེར་རོ།། ཞེས་གསུངས་པ་འདིའི་ལུགས་སུ་ཆུ་ལུག་སྤྱི་ལོ་སྔོན་གྱི་ལོ༡༦༥༨ལ་རྣམ་མཁྱེན་སྟོན་པ་གཤེན་རབ་སྐུ་མྱ་ངན་ལས་འདས། དེ་ནས་ལྕགས་ཕག་སྤྱི་ལོ་སྔོན་གྱི་ལོ༡༦༥༠ལ་གདུང་སོབ་མུ་ཆོ་ལྡེམ་དྲུག་སྟོན་པའི་རྒྱལ་ཚབ་ཏུ་བྱོན་པ་ཡིན་ནོ།།
སྟོན་པ་ཤཱཀྱ་ཐུབ་པས་མ་ཡི་དྲིན་ལན་གསབ་ཆེད་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཟླ་བ་གསུམ་འགོར་བ་དང་། ཡུམ་སྒྱུ་འཕྲུལ་ལྷ་མོ་ལྷ་ཡུལ་དུ་ལུས་བླངས་པར་ཆོས་གསུངས་ནས་སླར་མི་ཡུལ་དུ་བྱོན་པའི་དུས་ཆེན་ཡིན་ཞེས་བན་དེ་ཕྱོགས་ནས་དད་འབངས་རྣམས་ཀྱིས་བརྩི་སྲུང་ཆེན་པོ་བྱེད། འོན་ཀྱང་རྒྱ་གར་བྲམ་ཟེའི་རིག་གཞུང་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པ་ལྷ་ཡུལ་དུ་བྱོན་པ་མ་ཡིན་པར་སུམ་ཅུ་རྩ་གསུམ་སྟེ་བོད་ཡུལ་དུ་ཡོད་པའི་གངས་ཏི་སེ་ལ་གནས་བསྐོར་དུ་བྱོན་ནས་ཕྱིར་ལོག་པའི་དུས་ཆེན་ཡིན། སྟོན་པ་ཤཱཀྱ་ཐུབ་པ་སྐྱེལ་བསུ་དང་གདན་འདྲེན་བྱེད་མཁན་ནི་ལྷ་ཚངས་པ་དང་དབང་ཕྱུག་ཡིན་པ་རྒྱ་གར་བྲམ་ཟེའི་རྡོ་བརྐོས་ན་མང་དུ་མཐོང་རྒྱུ་ཡོད། ལྷ་ཚངས་པ་དང་དབང་ཕྱུག་གི་གནས་སུམ་ཅུ་རྩ་གསུམ་གངས་ཏི་སེ་ཡིན་པ་རྒྱ་གར་རིག་བྱེད་དང་བྲམ་ཟེའི་གཞུང་ན་གསལ། རིག་བྱེད་ཀྱི་བྱུང་ཁུངས་ཐད“སུ་གང་གིས་ཀྱང་མ་བྱས་པར་གདོད་མ་ཉིད་ནས་ཡོད་པར་འདོད་པ”སོགས་བཤད་ཚུལ་མང་དུ་མཆིས་ལ། “དེང་སང་གི་མཁས་དབང་འགའ་ཡིས་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་རྗེས་སུ་རྒྱ་གར་ནུབ་བྱང་ཕྱོགས་ནས་ཧིན་རྡུའི་ཆུ་བོ་འབབ་ཡུལ་དུ་ཞུགས་པའི་ཡ་ལི་ཨན་མིས་གནའ་བོའི་ཏ་ཟིག་ལས་ཁྱེར་འོང་བའི་རིག་གནས་ཤིག་ཡིན་པར་བཞེད་པ”སོགས་ཡོད།
ཞང་ཞུང་ནི་རྒྱ་གར་དབུས་འགྱུར་ནུབ་བྱང་དུ་ཡོད་ཅིང་རྒྱ་གར་བ་རྣམས་ཀྱིས་བྱང་ཤམ་བྷ་ལའང་ཟེར། ཞང་ཞུང་ག་ཁྱུང་སྤུངས་པ་ལ་དངོས་གྲུབ་བབས་པའི་གསང་བ་སྔགས་ཀྱི་བོན་སྐོར་རྒྱ་གར་བ་གསས་འོད་གཡུང་དྲུང་གི་རིང་ལ་རྒྱ་གར་དུ་དར་བ་ལེགས་བཤད་མཛོད་སོགས་ལས་བཤད། དེ་མ་ཟད་གདུང་སོབ་མུ་ཆོའི་སློབ་མ་རྒྱ་གར་ལྷ་བདག་སྔགས་གྲོལ་ཡང་ཡ་ལིས་ཨན་མིས་ཏ་ཟིག་གི་རིག་གནས་རྒྱ་གར་དུ་ཁྱེར་བ་དང་དུས་རགས་པ་མཉམ་པས། འདི་ལ་དཔྱད་གཞི་ཆེན་པོ་ཡོད་ཀྱང་དུས་ཆེན་སྐོར་གྱི་གླེང་མོལ་ཡིན་པས་ཕྱོགས་གཞན་དུ་འཕྲོས་ནས་བཤད་པ་བསྐྱུང་ངོ་།།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་ངོ་དེབ་ཐོག་ཏུ།”དེ་རིང་ནི་དགུ་པའི་ཉི་ཤུ་གཉིས་ཏེ། ཟས་གཙང་ཚང་སྲས་སྐུ་ཞབས་ཧི་མ་ལ་ཡའི་རི་རྒྱུད་ནས་དབུས་འགྱུར་འཆང་དུ་ཕྱིར་ཕེབས་གྲུབ་པའི་ཉིན་མོ་ཡིན། ཉིན་དེར་ཤཱཀྱའི་ཚོགས་མི་མང་པོ་མཉམ་འཛོམས་ཀྱིས་སྲས་སྐུ་ཞབས་ལ་ཕེབས་བསུ་གྲ་རྒྱས་ཞུ་པས། དེ་ནས་བཟུང་ཉིན་འདིར་ལྷ་བབ་དུས་ཆེན་ཞེས་བཏགས་ནས་ད་ལྟའི་བར་ཁོང་གི་ཆོས་ལུགས་པ་ཚོས་བརྩི་སྲུང་ཞུ་བའི་སྲོལ་བྱུང་བ་ཡིན།” ཞེས་བྲིས་ཡོད།
འཛམ་བུ་གླིང་གི་ལྟེ་བ་གངས་དཀར་ཏི་སེ་འདི་ཆོས་ལུགས་གྲུབ་མཐའ་མང་པོ་ཞིག་གི་དད་པ་བྱེད་ཡུལ་དུ་གྱུར་ཡོད། གནའ་བོའི་ཞང་ཞུང་གི་སྐབས་སུ་སྟོན་པ་གཤེན་རབ་མི་བོས་དབལ་ཆེན་གེ་ཁོད་བདུད་འདུལ་གྱི་རྒྱུད་ཕྱི་ནང་གསང་གསུམ་གསུངས་ས་ཡིན་པ་དང་ཡི་དམ་མགོན་པོ་རྣམ་གསུམ་གྱི་གནས་རི་ཡིན་པར་ངོས་བཟུང་ནས་སྒྲུབ་པ་བྱེད་མཁན་མང་པོ་བྱུང་བ་བོན་གྱི་ལོ་རྒྱུས་རྣམས་སུ་གསལ། རྒྱ་གར་བས་ལྷ་དབང་ཕྱུག་ཆེན་པོའི་གནས་རི་ཡིན་ཞེས་གནས་བསྐོར་བྱེད་མཁན་མང་པོ་ཡོད་པའི་ཚུལ་མཁས་དབང་ནམ་མཁའི་ནོར་བུ་དང་དུང་དཀར་བློ་བཟང་ཕྲིན་ལས་སོགས་ཀྱིས་གསུངས་པ་དང་། རྒྱ་གར་བ་རྣམས་ད་ལྟ་ལོ་རེ་བཞིན་གངས་ཏི་སེ་ལ་གནས་བསྐོར་དུ་ཡོང་བ་ང་ཚོས་མངོན་སུམ་དུ་མཐོང་གི་ཡོད་པ་རེད།
ལྷ་བབ་དུས་ཆེན་ཐོག་མར་བྱུང་བའི་ཐད་ལ་བོན་པོ་དང་བན་དེ་གཉིས་ཀས་བཤད་པའི་དུས་ཚིགས་རགས་པ་མཉམ་ལ། བརྗོད་བྱའི་ཐད་ནས་ཁག་ཁག་སོ་སོ་སྟེ། བོན་པོའི་གདུང་སོབ་མུ་ཆོ་ལྡེམ་དྲུག་ལྷ་ལས་བབ་པའི་དུས་ཆེན་ཡིན་པ་དང་། བན་དེ་ལ་གྲགས་པ་དང་རྒྱ་གར་ཕྱི་རོལ་པའི་བཤད་ཚུལ་བཅས་གོང་དུ་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་བཤད་ཟིན་ཏོ།།
བསམ་ཚུལ་ཕྲིས།