རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་མཛད་པར་ལྟ་བའི་མེ་ལོང་།

རྩོམ་ཡིག་འདི་ཐེངས། 1277 བཀླགས་འདུག

———-རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་སྐོར་གྱི་དྲི་བ་དྲིས་ལན།

དགེ་བློ་གྲོས།   རྔ་བ།

དང་པོར་ཡབ་ཀྱི་དྲུང་ནས་མཁས་པར་བསླབས།།

བར་དུ་རྣོ་དབལ་རིག་པས་བརྒལ་བརྟག་གནང་།།

ཐ་མར་གཞུང་ཆེན་ཀུན་ལ་འགྲེལ་མཛད་པའི།།

རྨེའུ་བཙུན་མཁས་པའི་ཞབས་ལ་གསོལ་བ་འདེབས།།

 །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་མཛད་པ་པོ་སུ་ཡིན།     

 ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན།

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་མཛད་མཁན་གྱི་མཁས་པ་སུ་ཡོད།  

ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན་མ་གཏོགས་ད་སྔ་མཐོང་དུ་མེད། 

རྨེའུ་མཁས་པ་དཔལ་ཆེན་གྱི་སྐོར་བྲིས་པའི་དཔེ་ཆ་གང་དག་ཡོད། 

ལན། ༽ སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་བྲིས་པའི་རྣམ་ཐར་དབུས་པའི་ཤར་རྫ་བའི་ལེགས་བཤད་མཛོད་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་དང་། མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་།  རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་ལྷ་རྒྱུད་ཕྲེང་བ།  ཁྱུང་སློབ་ཚུལ་རྒྱལ་གྱི་བསྟན་འབྱུང་སོགས་བཞུགས། 

རྨེའུ་མཁས་པའི་རྣམ་ཐར་གྱི་མཚན་བྱང་ཆ་ཚང་ལ་ཅི་ཟེར།      

ལན། ༽ རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་ཞེས་བྱ་བ་སྐལ་ལྡན་དད་པའི་འཇུག་ངོགས་བཞུགས་སོ། །ཞེས་བྱ་བའོ། ། 

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལ་ལེའུ་དུ་ཡོད།              

ལན། ༽ མཛད་པ་བཅུ་གཉིས་ལ་ལེའུ་རེ་རེ་བྱས་ནས་སྡོམ་པའི་ལེའུ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཡིན།

རྨེའུ་མཁས་པ་དཔལ་ཆེན་གྱི་ཡབ་ཡུམ་གྱི་མཚན་ལ་ཅི་ཟེར།   

ལན། ༽ ཡབ་ཀྱི་མཚན་ལ་རྨེའུ་ལྷ་རི་གཉན་པོ་དང་།   ཡུམ་གྱི་མཚན་ལ་ལྷ་ཕུ་བའི་འབྲམ་ཟ་བསོད་མཚོ་ཟེར།   

རྨེའུ་མཁས་པ་དཔལ་ཆེན་ཉིད་ཡབ་དང་ཡུམ་གྱི་དགུང་ལོ་ག་ཚོད་སྟེང་དུ་འཁྲུངས།     

ལན། ༽ དམྱལ་སྟོན་ལྷ་རྩེས་བྲིས་པའི་ལྷ་རི་གཉན་པོའི་རྣམ་ཐར་ལྟར་ན།   ཡབ་ཀྱི་དགུང་ལོ་གསལ་བོ་ཞིག་བསྙད་མི་ཐུབ་ཀྱང་།  དགུང་ལོ་ཞེ་ཆ་ཙིག་གི་སྟེང་དང་།   གཞན་བསྟན་འབྱུང་ཀེ་ཏ་ཀ་སོགས་ལས་དགུང་ལོ་སོ་གསུམ་སྟེང་དུ་འཁྲུངས་པར་བཤད།  ཡུམ་གྱི་དགུང་ལོ་ག་ཚོད་སྟེང་ཡིན་མིན་བསྙད་པར་དཀའ།  

རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་གནས་གང་ཡིན།   

 ལན། ༽ གཡས་རུ་སྨད་ཀྱི་གུར་ཞོག་ཏུ་སྐུ་ཡི་མཚན་དཔེ་མངོན་པར་བཞད།  དེང་རྣམ་གླིང་རྫོང་གི་ཁོང་གཏོགས་ཡིན། 

རྨེའུ་མཁས་པ་དཔལ་ཆེན་གྱི་མི་རབས་ཀྱི་དབུ་གང་ནས་བཟུང་། 

 ལན། ༽ གཉའ་ཁྲི་བཙན་པོས་དབུ་བླ་རུ་བཀུར་མྱོང་བའི་རྨེའུ་ངམ་ལེན་སྐྱོལ་པོ་ནས་དབུ་བཟུང་།  གསལ་བཤད་ཞུ་ཡ་ཞིག་ལ་རྨེའུ་ངམ་ལེན་སྐྱོལ་པོ་ཞེས་པའི་འབྲི་སྟངས་བསྟན་འབྱུང་ཁག་མི་འདྲ་ཡང་། འདིར་1998ལོར་སྤྲུལ་སྐུ་སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་བཀའ་བརྟེན་ནང་གི་རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་གཞིར་བཟུང་ནས་བྲིས་ཡོད། 

རྨེའུ་མཁས་པ་དཔལ་ཆེན་བླ་མ་གང་གི་སྤྲུལ་བ་ཡིན།   

ལན། ༽ ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་སྟོད་ཀྱི་བླ་མ་ཆེ་དྲུག་གི་ཡ་གྱལ། ཡབ་རྒྱལ་པོ་ཁྲི་འོད་དང་།  ཡུམ་སྨན་ཟ་དུམ་ཏིང་མ་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་པའི་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྤྲུལ་བ་ཡིན། 

སྤྱི་ལོའི་དབང་དུ་བྱས་ན་རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་གང་ལ་འཁེལ་ཡོད།  

 ལན། ༽ ཡོངས་གྲགས་སུ་སྤྱི་ལོ1052ལོར་འཁྲུངས་ཤིང་།  སྤྱི་ལོ་1106ལོར་སྐུ་མྱ་ངན་ལས་འདས་པར་བཞེད། 

རབ་བྱུང་གི་དབང་དུ་བྱས་ན་རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་གང་ལ་འཁེལ་ཡོད།     

 ལན། ༽  རབ་བྱུང་དགའ་བ་ཞེས་པའི་ཆུ་འབྲུག་ལོར་སྐུ་བལྟམས་ཤིང་རབ་བྱུང་མི་ཟད་ཅེས་པའི་ཆུ་ཁྱི་ལོར་སྐུ་མི་རྟག་བོན་དབྱིངས་སུ་བསྡུས། 

རྨེའུ་མཁས་པ་དཔལ་ཆེན་གྱི་འཁྲུངས་འདས་སྐོར་ལ་བཞེད་པ་མི་མཐུན་པ་ཡོད་དམ།

  ལན། ༽ རགས་བཤད་ཙམ་ཞུས་ན།  ཆུ་འབྲུག་ལོར་འདོད་པ་དང་།   ཤིང་འབྲུག་ལོར་འདོད་པའི་ལུགས་གཉིས་ཡོད། 

རྨེའུ་མཁས་པ་དཔལ་ཆེན་གྱི་སྐུ་ཚེའི་ནང་དུ་དགེ་རྒན་གང་དག་བསྟེན་མྱོང་།  

 ལན། ༽ རྨེའུ་ལྷ་རི་གཉན་པོ་དང་།  བྲུ་རྗེ་གཡུང་དྲུང་བླ་མ།   ཞུ་སྐྱེ་སེ། ཞུ་སྒྲོལ་བ་གཤེན་རྒྱལ།   དགོངས་མཛོད་རི་ཁྲོད་པ།   རྐང་པོ་སྨྲ་བའི་སེང་གེ   ཀུན་བཟང་གནས་བརྟན།   སློབ་དཔོན་རྩི་སྟོན་གྲགས་པ་སོགས་བསྟེན་ནས་ཐོས་བསམ་མང་དུ་སྦྱངས།   གཞན་དུ་ཁྱུང་པོ་རྣལ་འབྱོར་བའང་་བསྟེན་པ་གྲགས། 

རྨེའུ་མཁས་པ་དཔལ་ཆེན་ལ་མཆན་བུའམ་སློབ་བུ་གང་དག་ཡོད།   

 ལན། ༽ མཚན་ཉིད་ལ་མཁས་པ་སྤ་སྟོན་འོད་གསལ་རྒྱལ་མཚན་དང་།   ཞང་སྟོན་ཚུལ་ཁྲིམས་བློ་ལྡན།   གསང་སྔགས་ལ་མཁས་པ་ཁྱུང་འཕགས་སེ་སྟོན་དང་།   གཤེན་གསང་ཆེན།   དབུ་ཚད་ལ་མཁས་པ་ཅོག་ལ་རིགས་པར་སྨྲ་བ་དང་།   དམྱལ་ཇོ་གཞོན།   ཞུ་སྟོན་འོད་རྒྱལ།   སྟོང་ཉིད་ཀྱི་དོན་རྟོགས་པ་མར་སྟོན།  ངུ་འབངས་གཡུང་དྲུང་རྩེ།   གཤེན་བ་འབྲུག་ཐོག་རྗེ།  རྫི་བརྩོན་འགྲུས་ཤེས་རབ།  ཨ་གྱ་གྱེས་གྲགས།  ཉེ་གནས་སམ་སྐུ་མདུན་པ་ཤག་རྡོར་སོགས་ཡིན།  

རྨེའུ་ཡབ་སྲས་གསུམ་གང་དག་ཡིན།

ལན། ༽ རྨེའུ་ལྷ་རི་གཉན་པོ་དང་།  རྨེའུ་དགོངས་མཛོད་རི་ཁྲོད་པ།   རྨེའུ་མཁས་པ་དཔལ་ཆེན། 

རྨེའུ་བླ་རབས་བཅུ་གང་དག་ཡིན།    

ལན། ༽ རྨེའུ་ལྷ་རི་གཉན་པོ་དང་།   རྨེའུ་མཁས་པ་དཔལ་ཆེན།   རྨེའུ་དགོངས་མཛོད་རི་ཁྲོད་ཆེན་མོ། མེ་སྟོན་ཤེས་རབ་འོད་ཟེར། འགྲོ་མགོན་སྨན་གོང་བ།   སྤ་སྟོན་འོད་གསལ་རྒྱལ་མཚན།   བར་ཐང་ཞང་སྟོན་པ།   གཡུ་བྲག་པའམ་སུམ་སྟོན་ལྷ་འབུམ།   སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།   རྨེའུ་སྟོན་རྒྱལ་མཚན་མཆོག་ལེགས་དང་བཅས། 

རྨེའུ་སྨྲ་སེང་བཅུ་གསུམ་གང་དག་ཡིན།   

ལན། ༽ རྨེའུ་ལྷ་རི་གཉན་པོ་དང་།   རྨེའུ་མཁས་པ་དཔལ་ཆེན།   རྨེའུ་དགོངས་མཛོད་རི་ཁྲོད་ཆེན་མོ། མེ་སྟོན་ཤེས་རབ་འོད་ཟེར། འགྲོ་མགོན་སྨན་གོང་བ།   སྤ་སྟོན་འོད་གསལ་རྒྱལ་མཚན།   བར་ཐང་ཞང་སྟོན་པ།   གཡུ་བྲག་པའམ་སུམ་སྟོན་ལྷ་འབུམ།   སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།   རྨེའུ་སྟོན་རྒྱལ་མཚན་མཆོག་ལེགས།  

གཡོལ་པོ་མེ་དཔལ།   གྲགས་རྒྱལ་དཔལ་མཆོག   དམ་པ་རང་གྲོལ་དང་བཅས་ཡིན།  རྨེའུ་སྨྲ་སེང་བཅུ་གསུམ་ཞེས་པ་ཕྱིས་འབྱུང་དུ་བྱུང་བའི་ཐ་སྙད་ཅིག་ཡིན། 

 རྨེའུ་མཁས་པ་དཔལ་ཆེན་གྱི་གདུང་རུས་གང་ཡིན།   

 ལན། ༽ ལྡོང་ཡིན།   འདི་ལ་སྟོང་བྲིས་པའང་མཐོང་རྒྱུ་ཡོད། 

མེས་པོ་རྨེའུ་རོག་དབལ་ཁོང་གི་ཡབ་ཀྱི་མཚན་མི་འདྲ་ས་གསུང་སའི་དཔེ་གཞུང་གང་དག་ཡིན།

 ལན། ༽ དཔལ་ཆེན་གྱི་རྣམ་ཐར་དུ་མདུང་ནག་ཅན་དང་།   ལྷ་རྒྱུད་རིན་ཆེན་ནོར་བུའི་ཕྲེང་བ་རུ་རྨེའུ་སྤྱི་ཡི་ལྷ་བོ།    ལེགས་བཤད་མཛོད་དུ་སྟོང་ཚབ་ཅེས་གསུངས་ཡོད། དེ་དག་མི་གཅིག་གི་མིང་ཡིན་མིན་ཁ་གསལ་ཁོག་གསལ་ནས་བསྙད་མི་བཏུབ་ཀྱང་།    ཡོངས་གྲགས་སུ་རྨེའུ་རོག་དབལ་གྱི་ཡབ་ཀྱི་མཚན་ལ་མདུང་ནག་ཅན་ཟེར། 

ཡབ་རྨེའུ་ལྷ་རི་གཉན་པོ་ལ་སྐུ་སྲས་དུ་ཡོད། 

 ལན། ༽ ཁོང་དང་སྐུ་མཆེད་གསུམ་སྟེ།   ཆེ་བ་འཁོར་ལོ་རྒྱལ་པོ་དང་།   འབྲིང་བ་རྨེའུ་མཁས་པ་དཔལ་ཆེན།  ཆུང་བ་གསས་མཁར་བླ་མ་དང་གསུམ་མོ། ། རྨེའུ་མཁས་པ་དཔལ་ཆེན་རྣམ་ཐར་དང་རྨེའུ་ལྷ་རི་གཉན་པོའི་རྣམ་ཐར་གཉིས་ཀར་སྐུ་མཆེད་གསུམ་ཡོད་པ་གསལ་ཁ་དེ་ཙམ་མེད་པར་མ་ཟད།   སྲས་གང་ཞིག་ཆེ་བ་ཡིན་པ་དང་སྲས་གང་ཞིག་ཆུང་བ་ཡིན་པའི་སྐོར་དེ་བས་གསལ་ཁ་མེད།  དེས་ན།  རྨེའུ་དཔལ་ཆེན་འབྲིང་བ་ཡིན་པར་ཇི་ལྟར་ཤེས་ཟེར་ན།  མཁས་གྲུབ་ལུང་རྟོགས་རྒྱ་མཚོ་དང་མཁས་པ་དཔལ་ཚུལ་སོགས་ཀྱི་བསྟན་འབྱུང་དུ་གསལ་བས་རྟོགས་ནུས། 

ཞོགས་ལ་སྟོད་སྨད་གཉིས་སུ་ཇི་ལྟར་གྱེས།   

  ལན།  ༽ རྨེའུ་ངམ་ལེན་སྐྱོལ་པོའི་སྲས་གཅེན་ཆུང་གཉིས་ཀ་ཞོགས་ཀར་ཡོང་ནས་ཁང་བའི་འཚེར་སར་ཐོ་བཙུགས་པའི་སྔ་ཕྱི་རིམ་པ་ལས་སྔ་མར་ཞོགས་སྟོད་དང་།   ཕྱི་མར་ཞོགས་སྨད་ཅེས་གྲགས། 

རྨེའུ་མདུང་ནག་ཅན་ལ་མཚན་མི་འདྲ་བ་ཡོད་དམ།     

ལན། ༽(རྨེའུ་མ་ར་རྟ་དང་།  མུན་ནག་ཅན། གདུང་ཆུང་ཅན།  མདུང་ནག་ཅན། མདོར་ན་ཁོང་གི་སྐུ་གཟུགས་ཆུང་སྟབས་རྨེའུ་སྦྲང་བུ་ཅན་ཡང་ཟེར་སྲོལ་འདུག )གཞན་གདུང་ནག་ཅན་དང་རྨེའུ་མ་ར་སྙ་ཞེས་བྲིས་པའང་ཡོད། 

རྨེའུ་མཁས་པ་དཔལ་ཆེན་གྱི་ཡབ་རྨེའུ་ལྷ་རི་གཉན་པོ་ལ་སྐུ་མཆེད་དུ་ཡོད།    

 ལན། ༽ སྐུ་མཆེད་གསུམ་སྟེ།   ཆེ་བ་གཙང་གཙུག་པ་གསང་སྔགས་ལ་མཁས་པ་ཞིག་སྟེ།  མཚན་ལ་རྨེའུ་རྩེགས་སེ་དང་།   འབྲིང་བ་དབལ་ཕུར་ལ་གྲུབ་པ་ཐོབ་པའི་གྲུབ་ཐོབ་ཅིག་སྟེ་རྨེའུ་རོག་དབལ་ཡིན།  ཆུང་བ་དགོངས་མཛོད་རི་ཁྲོད་པའི་ཡབ་སྟེ། རྨེའུ་ཤག་བསྟན་ཡིན།  གསལ་བཤད་ཞུ་བ་ཞིག་ལ་རྨེའུ་ཤག་བསྟན་ཞེས་པའི་བསྟན་ལ་ར་མགོ་དང་ས་མགོ་གཉིས་བརྗེ་སྤོར་གྱིས་བྲིས་ཡོད་པར་མ་ཟད། ཤག་གི་ཤ་ལའང་འ་བཏགས་ཡོད་མེད་གཉིས་དང་ཤཱཀྱ་བརྟན་ཞེས་བྲིས་པ་ཡོད།   དམིགས་བསལ་1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ལེགས་བཤད་མཛོད་དུ།    ཤ262ཐོག་“དེའི་རྨེའུའི་སྲས་བརྒྱུད་ནི།   ལྷ་རི་གཉན་པོའི་སྲས་གསུམ་ཡོད་པས།  གཅེན་གསས་མཁར་བླ་མ།   དེའི་སྲས་བཞིའི་ཐ་ལྟག་དེ་ཤྰཀྱ་བརྟན།  དེའི་སྲས་བཞིའི་ཆེ་བ་རྨེའུ་དམ་པ་རི་ཁྲོད་པ་སྟེ།  དེ་ནས་བཟུང་ད་ལྟའི་རྨེའུ་སྐུ་ཞབས་རིན་པོ་ཆེ་འདི་ཉིད་ཀྱི་བར་དུ་བྱོན་པ་དག་གོ།  ” ཅེས་རྨེའུ་ཤག་བསྟན་ནི་རྨེའུ་ལྷ་རི་གཉན་པོའི་བུ་གསས་མཁར་བླ་མ་དེ་ཉིད་ཀྱི་སྲས་སུ་ངོས་འཛིན་གནང་ཡོད།  མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་དུ་ཤཱཀྱ་བརྟན་ནི་ཡི་གེ་མི་མཁྱེན་མཁན་ཞིག་དང་ཡུལ་གྱི་གཙོ་བོ་མཛད་པ་ཞིག་ཏུ་ངོས་བཟུང་ཡོད། 

རྨེའུ་མཁས་པ་དཔལ་ཆེན་རྣམ་ཐར་ལེའུ་དང་པོའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད། 

ལན། ༽ རྨེའུ་ཚང་གི་མི་རབས་དང་ཡབ་ཡུམ་གྱི་སྐོར་བྲིས་ཡོད།  

ཡབ་རྨེའུ་ལྷ་རི་གཉན་པོའི་ཆེན་མ་དང་ཆུན་མའི་མཚན་ལ་ཅི་ཟེར།    

ལན། ༽ ཆེན་མ་མྱང་མོ་དཔལ་ཆེན་མཚོ་དང་།   ཆུན་མ་ལྷ་ཕུ་བའི་འབྲམ་ཟ་བསོད་མཚོ་གཉིས།  འདིའི་མྱང་མོ་ལ་ཉང་མོ་ཞེས་བྲིས་པ་ཡོད་ཀྱང་གསལ་བཤད་གུས་པོ་ངའི་རྩོམ་གཞན་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནང་འབྱུང་བའི་ས་གནས་ཁག་ཅིག་གི་ངོས་འཛིན་ཅེས་པར་བྲིས་ཡོད་པས་འདིར་བསྐྱར་བའི་ངལ་བ་དང་དུ་ལེན་པར་མི་བྱའོ། །

རྨེའུ་མཁས་པ་དཔལ་ཆེན་ལ་ཐོག་མར་མཁས་པ་དཔལ་ཆེན་ཞེས་མཚན་གསོལ་མཁན་སུ་ཡིན།   

 ལན། ༽ དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ཐོ་རངས་ཁར་སྲིད་པའི་རྒྱལ་མོ་ནས་གསོལ། 

རྨེའུ་མཁས་པ་དཔལ་ཆེན་ཉིད་འཁྲུངས་དུས་ཀྱི་རབ་བྱུང་དང་ཟླ་བ།  ཚེས།  སྐར་མ།  དུས་ཚོད་སོགས་གང་ལ་འཁེལ་ཡོད།    

ལན། ༽ ཆུ་འབྲུག་ལོ་ཡི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་དང་།  སྐར་མ་རྒྱལ་སྟོད་ཀྱི་ཐོ་རངས་ཤར་བ་ལ་སྐུ་ཡི་དཀྱིལ་འཁོར་མངོན་པར་ཤར།   

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་གཉིས་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད། 

 ལན། ༽ སྲིད་པའི་རྒྱལ་མོའི་ལུང་བསྟན་ཚུལ་དང་རྨེའུ་དཔལ་ཆེན་ཉིད་འཁྲུངས་ཚུལ་སྐོར་ནས་བྲིས་ཡོད།

ཡབ་ཀྱིས་ཀ་ཁ་ཚར་གསུམ་ཁྲིད་པས།   དེ་མ་ཁད་དུ་ཀློག་ཤེས་ཤིང་།  རྨེའུ་དཔལ་ཆེན་ཉིད་ནས་བདག་རྒྱ་གར་དང་ཞང་ཞུང་དུ་བསླབས་དུས་འདི་འདྲ་ཟེར་ནས་བཏོན་ཅེས་པའི་སྔོན་རྒྱ་གར་དང་ཞང་ཞུང་དུ་མཁས་པ་གང་གི་སྐྱེ་བ་བཞེས།  

ལན། ༽ སྔོན་རྒྱ་གར་དུ་མེན་ཏྲ་པ་དང་མི་ལུས་བསམ་ལེགས་ཀྱི་སྐྱེ་བ་བཞེས། 

རྨེའུ་མཁས་པ་དཔལ་ཆེན་གྱི་དགུང་ལོ་ག་དུས་ཤིག་ལ་མཁས་པ་གང་གི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།   

ལན། ༽ ཏག་ཏག་དགུང་ལོ་བཅུ་གསུམ་སྟེང་རྨེའུ་ལྷ་རི་གཉན་པོའི་སྐུ་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས། 

རྨེའུ་ལྷ་རི་གཉན་པོ་མཆོག་གིས་བོན་གསུང་སྐབས་རྨེའུ་མཁས་པ་དཔལ་ཆེན་མཆོག་དེའི་གྲལ་དུ་བཞུགས་ནས་མཁས་པ་གང་དག་ལ་རྩོད་པ་གནང་།    

ལན། ༽ དམྱལ་སྟོན་ལྷ་རྩེའམ་དམྱལ་སྟོན་ལྷང་ངེ་དང་།   རྩི་སྟོན་གྲགས་པའམ་གྲགས་སེ།   ཇོ་སྲས་སམ་ཇོ་སྲས་སྤྲ་བ་ལུང་བ་སོགས་ལ་རྩོད་པ་གནང་།   འདིའི་དམྱལ་སྟོན་གྱི་དམྱལ་ལ་མྱལ་དང་གཉལ་བྲིས་པ་ཡོད་ཀྱང་དོན་དུ་གཅིག་ཡིན་སྙམ།  འདིའི་དམྱལ་སྟོན་ལྷ་རྩེ་ཞུ་བ་ནི་རྨེའུ་ལྷ་རི་གཉན་པོའི་རྣམ་ཐར་མཛད་མཁན་དང་།  རྩི་སྟོན་གྲགས་པ་ནི་སྨན་གོང་བའམ་མར་སྟོན་རྒྱལ་ལེགས་ཀྱི་གསང་སྔགས་ཀྱི་སློབ་དཔོན་ཡིན།  ཇོ་སྲས་ནི་《ཇོ་གཡུང་སྲས།   སྤྲ་ལུང་བ།   སྤྲ་པ་ལུང་བ།》ནི་སྨན་གོང་བས་དགེ་བསྙེན་གྱི་སྡོམ་པ་ཞུ་སའི་སློབ་དཔོན་ཡིན།

 རྨེའུ་ཚང་གི་དགོན་པ་ཆེས་སྔ་བ་དེ་གང་ཡིན།

ལན། ༽ རྨེའུ་ལྷ་རི་གཉན་པོས་ཆག་བཏབ་པའི་གཡས་རུ་ཤངས་ཀྱི་གུར་ཞོག་དགོན་པ་ཡིན་པར་བཞེད། 

བཟང་རི་རྨེའུ་ཚང་དགོན་པ་སུས་ཕྱག་བཏབ་པ་ཡིན།

ལན། ༽ རྨེའུ་ལྷ་རི་གཉན་པོས་སྤྱི་ལོ་༡༠༤༨ལོར་ཕྱག་བཏབ་པར་གྲགས།  

རྨེའུ་མཁས་པ་དཔལ་ཆེན་གྱིས་དགུང་ལོ་ག་ཚོད་སྟེང་མངོན་པ་མཛོད་ཀྱི་གཞུང་རྩི་འདོན་བྱས།    

ལན། ༽  དགུང་ལོ་ལྔའི་སྟེང་ནས་མངོན་མཛོད་རྩི་འདོན་བགྱིས།  

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་གསུམ་པའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།   

ལན། ༽ དམྱལ་སྟོན་ལྷ་རྩེ་དང་།   རྩི་སྟོན་གྲགས་པ།   ཇོ་སྲས་སོགས་ལ་རྩོད་པ་བྱས་ཤིང་།  ཡབ་ཀྱི་མདུན་ནས་ཡོན་ཏན་ཀུན་ཀྱི་གཞི་མ་ཀློག་འདོན་ལ་ཐུགས་སྦྱངས་མཛད།

རྨེའུ་མཁས་པ་དཔལ་ཆེན་གཞན་ཕྱོགས་སུ་སློབ་གཉེར་དུ་ཕེབས་ནས་གཞན་སྡེའི་རིག་གཞུང་གང་དག་ལ་ཐུགས་སྦྱངས་གནད་དུ་ཐིངས་པར་མཛད།    

ལན། ༽ གཞན་སྡེའི་རྒྱུད་སྡེ་དང་།  ཚད་མ་སྡེ་བདུན།  དབུ་མ།  མངོན་པའི་སྐོར།  འདུལ་བའི་སྡེ་སོགས་ལ་གསན་བཞེས་དཔྱིས་ཕྱིན་པར་གནང་། 

རྨེའུ་མཁས་པ་དཔལ་ཆེན་གྱིས་གཞན་སྡེའི་སློབ་དཔོན་གང་དག་བསྟེན།        

ལན། ༽ རྐང་པོ་སྨྲ་བའི་སེང་གེ     འདིའི་རྐང་ལ་ར་དང་ས་ཡི་མགོ་ཅན་གཉིས་ཀ་བརྗེ་སྤོར་གྱིས་བྲིས་པ་ཡོད་ལ།   ཀོང་པོ་ཞེས་བྲིས་པའང་ཡོད།

རྨེའུ་མཁས་པ་དཔལ་ཆེན་སློབ་གཉེར་དུ་ཕེབས་སའི་གཞན་སྡེའི་དགོན་པ་གང་ཡིན།  

 ལན། ༽ སྤྱིར་རྨེའུ་མཁས་པ་དཔལ་ཆེན་ཉིད་གཞན་སྡེར་སློབ་གཉེར་དུ་ཕེབས་པའི་སྐོར་གསལ་ཁ་ཡོད་པ་ལས། གཞན་སྡེའི་དགོན་པ་གང་ཞིག་ཏུ་ཕེབས་ནས་ཐུགས་སྦྱངས་མཛད་པའི་སྐོར་སྔ་ཤོས་ཀྱི་བསྟན་འབྱུང་ཁག་ཏུ་གསལ་ཁ་མེད་པས་དེ་འདྲ་གསལ་ཐག་ཆོད་པོའི་སྟེང་ནས་སྨྲ་མི་ཐུབ་མོད།  རེད་དེ།  ཕྱིས་སུ་མཁས་པ་དཔལ་ཚུལ་གྱིས་གསུང་པ་ལྟར་ན།    དཔལ་ཆེན་སློབ་གཉེར་དུ་ཕེབས་ས་ཉང་སྟོད་གནས་རྙིང་ཡིན་པར་ངོས་བཟུང་བ་དེ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཞིག་ལ་ཁུངས་བཅོལ་ཡོད་མེད་དང་།   གནས་རྙིང་དུ་མཁས་པ་སུ་ཞིག་བསྟེན་ཡོད་མེད་གསལ་བོར་གསུངས་མེད། (གནས་རྙིང་སྐོར་བདག་གི་རྩོམ་གཞན་དུ་གནས་རྙིང་ངོ་སྤྲོད་ཅེས་པ་ཞིག་བྲིས་ཡོད་པས་དེར་གཟིགས་པར་འཚལ།  ) སྔོན་ཆད་གནས་རྙིང་ལ་གནས་སྙིང་ཟེར་བ་ལས་གནས་རྙིང་ཞེས་པ་རྗེས་ཀྱི་ཐ་སྙད་ཅིག་ཡིན།  ཇི་ལྟར་ཞེ་ན།  ༡༠༤༠ལོར་ཇོ་བོ་ཨ་ཏི་ཤ་བོད་དུ་ཕེབས་ཤིང་མངའ་རིས་ནས་དབུས་གཙང་དུ་ཕེབས་དུས་གནས་དེར་རབ་གནས་བྱས་ཤིང་།  གནས་ཀྱི་སྙིང་བོ་འདུག་གསུངས་ཏེ།  ཕྱིས་གནས་དེར་གནས་སྙིང་ཞེས་གྲགས་པར་སྣང་།    ད་སྔ་སློབ་གཉེར་ཕེབས་སའི་སྐོར་ཞིབ་ཕྲའི་སྒོ་ནས་ཡིག་ཐོག་ཏུ་བྲིས་པ་དང་ཡང་ན་ངག་ལམ་ནས་གསུང་མཁན་ཉིན་མོའི་སྐར་མ་ལས་དཀོན་གཤིས།  ད་རག་དབར་རབ་རིབ་ཏུ་ལུས་ཡོད།   འདིར་ཁུ་རྔོག་འབྲོམ་གསུམ་གྱི་ནང་ཚན་རྔོག་ལོ་ཙཱ་པ་ལེགས་པའི་ཤེས་རབ་ཀྱིས་1073ལོར་ཕྱག་བཏབ་པ་གྲགས་པའི་གསང་ཕུག་ནེའུ་ཐོག་ལ་ངོས་བཟུང་ན།  ཕྱོགས་ཡོངས་ནས་འགྲིག་འགྲིག་ཏུ་སྣང་བའི་སྐོར་གུས་པོའི་རྩོམ་གཞན་དུ་གསལ།  

རྨེའུ་མཁས་པ་དཔལ་ཆེན་གཞན་ཕྱོགས་གྲྭ་སར་བསྟེན་ནས་ལོ་ག་ཚོད་བཞུགས། 

  ལན། ༽ ལོ་བདུན་ལ་བཞུགས། 

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ལེའུ་བཞི་བའི་ནང་དུ་གཙོ་བོ་ཅི་ཞིག་བསྟན་ཡོད།  

 ལན། ༽ ཡབ་ལ་དགོངས་པ་ཞུས་ཏེ་གཞན་སྡེའི་གྲྭ་སར་འགྲིམས་ནས་གཞན་སྡེའི་རིག་གཞུང་ལ་ཐོས་བསམ་སྦྱོང་ཚུལ་སྐོར་བྲིས་ཡོད། 

མུ་འགོད་བྱ་རྒྱུ་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *