མི་ལ་རས་པ།

ཀ༷་བཞི་གདུང་བརྒྱད་ཆུ་དང་ཐིགས་པས་བཤིག།། ཁ༷་ཆར་སེར་བས་ཡུལ་རྣམས་འཇིག་པར་བྱས།། ག༷་ནས་བལྟས་ཀྱང་ཡིད་སེམས་གཏིང་ནས་འགྱོད།། ང༷་ཡིར་འཛིན་པའི་འཁྲི་བ་རྦད་ནས་བཅད།། ། ཅ༷་ཅོ་འཁོར་བའི་གྲོང་ལ་གྱེས་ཕྱག་ཕུལ།། ཆ༷་མེད་རྒྱུས་མེད་ལ་དང་ལུང་པར་འགྲིམས།། ཇ༷་ཡུན་ཙམ་ཡང་ཐང་ལྷོད་མ་མཛད་པར།། ཉྭ༷་ཐང་ཆད་ཆད་གྲོ་བོ་ལུང་མདོར་བསླེབས།། ། ཏ༷་ཐཱ་མར་པ་ཆོས་ཀྱི་བློ་གྲོས་དང་།། ཐ༷་མལ་སྐྱོན་གྱིས་མ་གོས་བདག་མེད་མས།། ད༷་ཅི་①མནལ་ལམ་ཡིད་ལ་འཁོར་ཙ་ན།། ན༷ས་ཆང་བསྣམས་ཤིང་བསུ་བའི་རྟེན་འབྲེལ་བསྒྲིགས།། ། པ༷་སངས་ལྟ་བུའི་གཟའ་སྐར་ལེགས་པའི་ཉིན།། ཕ༷་རྒན་མར་པ་ལོ་ཙཱ་ཞིང་བདག་ལྟར།། བ༷་ལང་ཞིག་ལ་རྨོ་སློག་ཚུལ་གྱིས་མཇལ།། མ༷་བཅོས་ཤུགས་ཀྱིས་དད་པའི་སྤུ་ལོང་གཡོ།། ། ཙ༷་ཀ་ལི་ཡི་ལེགས་སྐྱེས་མ་འཇོན་ཡང་།། ཚ༷་གྲང་དཀའ་སྤྱད་དྲག་པོ་མྱངས་པའི་མཐར།། ཛོ༷་ཀི་②ཆེན་པོ་བཞད་པ་རྡོ་རྗེ་ཞེས།། ཝ༷་ལེར་ཡབ③་ཀྱིས་ཐུགས་ཀྱི་སྲས་སུ་བཞེས།། ། ཞྭ་ལྟར་མཆོག་གསུམ་སྤྱི་བོའི་རྒྱན་དུ་ཁུར།། ཟ༷ས་ལ་ཟྭ་སྦྱར་ཟྭ་ལྟར་སྔོ་ཧྲེང་བ།། འ༷་འུར་ཟང་ཟིང་དབེན་པའི་རི་ཁྲོད་དུ།། ཡ༷་ཡོ་མེད་པའི་ཏིང་འཛིན་སྤྱོད་པ་མཁན།། ། ར་བ་ཏི་སེ་བྲག་དཀར་རྟ་སོ་དང་།། ལ༷་ཕྱི་གངས་སོགས་རི་བྲག་ཐམས་ཅད་དུ།། ཤ༷་རྣ་རྒོ་སོགས་འགྲོགས་པའི་རི་ཁྲོད་པ།། ས༷་ཐོབ་སེམས་དཔའ་ཁྱེད་ལ་གུས་ཕྱག་འཚལ།། ། ཧ༷་ཅང་སྡིག་ཆེན་བསགས་པའི་སྤྲང་འཁྱམ་ཡང་།། ཨ༷་ཏི་རྣལ་འབྱོར་སྒོམ་པའི་རྩལ་ཆེན་རྫོགས།། ཧ༷་ཅང་དུག་ལྔའི་མེ་དཔུང་མཆེད་དུས་འདིར།། ཨེ༷་མ་ངོ་མཚར་ཆེའོ་ཐོས་པ་དགའ།།

ནུབ་ཕྱོགས་འགྲིམས་པའི་རྐང་རྗེས། [ལོ་ངོ་དྲུག་རིང་།]

༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་།༽ www.gyalshen.org      [རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་]ནི་ཞང་བོད་མེས་པོ་དག་གི་ཤ་གསེང་དང་རུས་གསེང་ནས་བཞུར་བའི་རྩ་ཆེའི་ཤེས་རིག་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུའི་འོས་འགན་རང་རེ་བོད་མི་སྤྱི་སྒེར་སོ་སོའི་ཕྲག་ཏུ་ལྗིད་ཏིག་གེར་ཡོད་པ་ངོས་ཟིན་པའི་སྒོ་ནས་ཚོགས་པ་འདི་ཕྱི་ལོ་༢༠༡༢ལོར་ཨ་རིའི་སྲིད་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། འདས་པའི་ལོ་ངོ་དྲུག་གི་རིང་ཁོ་བོས་དངོས་དང་དྲ་ལམ་གང་རུང་བརྒྱུད་ནས་ནུབ་ཕྱོགས་པ་རྣམས་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་དང་། འབྱུང་རྩིས། དེ་བཞིན་སྐད་ཡིག་རིག་པ་སོགས་རང་ཉིད་ཀྱི་དུས་ཚོད་དང་བསྟུན་ཏེ་ཁྲིད་པ་དང་།  མཚམས་རེར་རང་རེའི་དགོན་སྡེ་ཁག་གི་མཁན་པོ་དང་། དཔོན་སློབ། དགེ་བཤེས། དེ་བཞིན་ཆེད་མཁས་མི་སྣའི་རིགས་འདི་གའི་སློབ་ཚོགས་སུ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་དང་རིག་གཞུང་ཁྱབ་སྤེལ་གྱི་ཕྱོགས་ནས་ཞང་བོད་ཤེས་རིག་གི་བསྟན་པར་སྲི་ཞུའི་བྱ་བ་མི་དམན་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ད་ཆར་ཚོགས་པའི་གཞི་རྒྱ་ཅུང་རྒྱ་ཆེ་རུ་བཏང་ནས་ཨ་རིའི་ནང་ཁུལ་དང་ཡོ་རོབ་སོགས་སུ་རྒྱལ་གཤེན་གྱི་ཡན་ལག་ཁག་ཅིག་འཛུགས་བཞིན་ཡོད།  

༧གདན་ས་ཆེན་པོ་སྨན་རིའི་གླིང་གི་སྣོད་བཅུད་ཀྱི་བཀོད་པ།

། གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་ཆེ་དགུའི་གཙུག་ཏོར་དུ་འགྱིང་བ་འདིའི་སྣོད་བཅུད་ཀྱི་བཀོད་པ་ཚིགས་སུ་བཅད་པའི་གཏམ།། ། རྒྱལ་ཀུན་མཁྱེན་རབ་གཅིག་ཏུ་དྲིལ་བ་ལི་ཁྲིའི་མདངས་སུ་ཉེར་འཕོས་ཤིང་།། ཕྱག་གཡས་ཤེས་རབ་རལ་གྲི་རྣོན་པོ་འཁྲུལ་རྟོག་གཅོད་པའི་མཚོན་དུ་རྩེན།། ཕྱག་གཡོན་གླེགས་བམ་རིན་ཆེན་མཁའ་ལ་སྣང་གསལ་འོད་ཀྱི་སྒྲོན་མེ་འབར།། རིག་པའི་ལྷ་མཆོག་སྨྲ་བའི་སེང་ཆེན་སྤྱི་གཙུག་པད་མའི་དབྱིངས་སུ་འཛུམ།།

འཇིགས་མེད་དབང་ཕྱུག

                  བདེན་འཛིན་ལྕཊ་ཀྱུས་འཛིན་པ་དམ་པའི་དུས། རྣམ་རྟོག་མཚོ་མོའི་རྦ་རླབས་འཕྱོ་བའི་དུས།། ཚིག་རྩུབ་མདའ་མོས་མྱི་སེམས་རྨས་པའི་དུས།། མགོན་པོ་ཁྱེད་ཀྱི་བྱམས་སེམས་མཁོ་བ་ཡིན།།

རྗེ་བླ་མ་ཁྱེད་ལྷག་ཏུ་དྲན་གི

             ཀ༵་ལི་ཨ་ལི་ནས་ཨ༵་རྫོགས་མན་ཆོད། ། ཁ༵་ཙམ་མ་ཡིན་པར་ཧ༵་གོ་དོན་གསལ། ། ག༵་དར་ཡང་ཡང་གྱིས་ས༵་ཆོད་འོང་ཞེས། ། འདོམ་མཁན་བླ་མ་ཁྱེད་ལྷག་ཏུ་དྲན་གི ། །