འཇིགས་མེད་དབང་ཕྱུག

རྩོམ་ཡིག་འདི་ཐེངས། 472 བཀླགས་འདུག

E3CB52C9-6EBC-4A84-A93C-DAA6F82A0636-1345-000003524D6BA493_tmp                 

བདེན་འཛིན་ལྕཊ་ཀྱུས་འཛིན་པ་དམ་པའི་དུས།

རྣམ་རྟོག་མཚོ་མོའི་རྦ་རླབས་འཕྱོ་བའི་དུས།།

ཚིག་རྩུབ་མདའ་མོས་མྱི་སེམས་རྨས་པའི་དུས།།

མགོན་པོ་ཁྱེད་ཀྱི་བྱམས་སེམས་མཁོ་བ་ཡིན།།

གནས་ལུགས་གནམ་ལྕགས་རྒྱབ་ཏུ་གཡུག་པའི་དུས།།

བདེན་པའི་གཤིས་ལ་མིག་སྔུན་བརྒོལ་བའི་དུས།།

རློམ་སེམས་འདབ་མ་མཁའ་དབྱིངས་རྒྱས་པའི་དུས།།

མགོན་པོ་ཁྱེད་ཀྱི་ཐུགས་སེམས་མཁོ་བ་ཡིན།།

གདོད་མའི་སྲོལ་བཟང་རྒྱུན་སྐུད་ཆད་པའི་དུས།།

ལོག་སེམས་བྱ་རྒོད་དགུང་ལ་འཕུར་བའི་དུས།།

རང་སྐད་མཛེས་པོ་ངག་ནས་དོར་བའི་དུས།།

མགོན་པོ་ཁྱེད་ཀྱི་སློབ་གསོ་མཁོ་བ་ཡིན།།

གོང་མས་སྨིན་ལེགས་སྒེག་མ་འཚོལ་བའི་དུས།།

འོག་མས་བླ་ཆེན་གོང་མར་སྨོད་པའི་དུས།།

གོང་འོག་འགལ་བའི་རལ་གྲི་ཕྱར་བའི་དུས།།

མགོན་པོ་ཁྱེད་ཀྱི་གནས་ལུགས་མཁོ་བ་ཡིན།།

སྡེ་བ་ས་འཚམས་མི་མཐུན་རྩོད་པའི་དུས།།

ཁྱིམ་ཚང་བློ་སེམས་མི་མཐུན་རྩོད་པའི་དུས།།

རྒན་སློབ་མོས་ལམ་མི་མཐུན་རྩོད་པའི་དུས།།

མགོན་པོ་ཁྱེད་ཀྱི་བསླབ་བྱ་མཁོ་བ་ཡིན།།

སེམས་སུ་འདོད་པའི་གཙང་བོ་རྒྱས་པའི་དུས།།

ཡིད་དུ་མི་དགེའི་ལས་སྤྱོད་འབར་བའི་དུས།།

སྙིང་དུ་སྨིན་ལེགས་སྒེག་མ་འཆར་བའི་དུས།།

མགོན་པོ་ཁྱེད་ཀྱི་གསུང་ཞིག་མཁོ་བ་ཡིན།།

འཇིག་རྟེན་འཁོར་བར་བསོར་སྣང་སྐྱེས་བའི་དུས།།

གསེར་དངུལ་མཛེས་པོ་ཁོག་ཏུ་ཆགས་པའི་དུས།།

ཆགས་སྡང་ཚེར་མའི་རྣོ་ཁ་རྒོད་པའི་དུས།།

མགོན་པོ་ཁྱེད་ཀྱི་བསམ་ཐུགས་མཁོ་བ་ཡིན།།

གཞུང་ལུགས་སྟོང་གི་བརྗོད་དོན་དོགས་པའི་དུས།།

ཚད་མའི་བགྲོད་ལམ་ཕྲ་མོ་དོགས་པའི་དུས།།

ཡིད་སེམས་དོགས་པ་སྟོང་གིས་གཡོག་པའི་དུས།།

མགོན་པོ་ཁྱེད་ཀྱི་ཤེས་རབ་མཁོ་བ་ཡིན།།

འཇི༵གས་སྐྲག་སྣང་བས་བདག་སེམས་བསྐོར་བའི་དུས།།

མེ༵ད་རྟོགས་ཤེས་རབ་ངེད་ཀྱིས་དོར་བའི་དུས།།

དབ༵ང་ཕྱུ༵ག་ལྷ་ལ་ཡིད་སེམས་འཁོར་བའི་དུས།།

མགོན་པོ་ཁྱེད་ཀྱི་བློ་གྲོས་མཁོ་བ་ཡིན།།

8.3.2018.

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *