༧གདན་ས་ཆེན་པོ་སྨན་རིའི་གླིང་གི་སྣོད་བཅུད་ཀྱི་བཀོད་པ།

རྩོམ་ཡིག་འདི་ཐེངས། 1339 བཀླགས་འདུག

28660959_1604491056272572_4067379135910289528_n

གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་ཆེ་དགུའི་གཙུག་ཏོར་དུ་འགྱིང་བ་འདིའི་སྣོད་བཅུད་ཀྱི་བཀོད་པ་ཚིགས་སུ་བཅད་པའི་གཏམ།།

རྒྱལ་ཀུན་མཁྱེན་རབ་གཅིག་ཏུ་དྲིལ་བ་ལི་ཁྲིའི་མདངས་སུ་ཉེར་འཕོས་ཤིང་།།
ཕྱག་གཡས་ཤེས་རབ་རལ་གྲི་རྣོན་པོ་འཁྲུལ་རྟོག་གཅོད་པའི་མཚོན་དུ་རྩེན།།
ཕྱག་གཡོན་གླེགས་བམ་རིན་ཆེན་མཁའ་ལ་སྣང་གསལ་འོད་ཀྱི་སྒྲོན་མེ་འབར།།
རིག་པའི་ལྷ་མཆོག་སྨྲ་བའི་སེང་ཆེན་སྤྱི་གཙུག་པད་མའི་དབྱིངས་སུ་འཛུམ།།

དཀར་འཇམ་པད་རྩའི་མདངས་ཀྱིས་ཕྱུག་པའི་སྐུ་ལུས་ཤེལ་དཀར་ལྷུན་པོ་ལ།།
སྣ་ཚོགས་འོད་ཀྱི་ཞགས་པས་མཛེས་པའི་རིན་ཆེན་རྒྱན་གོས་ལེཊ་པར་གསོལ།།
དབྱངས་སྙན་རྒྱུད་མངས་ཕྱག་ཏུ་སྣམ་ཞིང་མཉེན་ལྕུག་སྒེག་ལྡན་ཡིད་འོང་མས།
འདི་ན་བདག་གི་སོར་མོའི་རྩལ་ལ་འགྲམ་ཆང་མངར་མོའི་རམ་འདེགས་མཛོད།།

སྨན་རིའི་གླིང་ཞེས་མཚན་གྱི་སྒྲ་དབྱངས་ཕྱོགས་བཅུའི་ཞིང་དུ་གྲགས་པ་ཡི།།
གདན་ས་ཆེན་པོའི་སྣོད་བཅུད་བཀོད་པ་རྗོད་བྱེད་ཡུལ་ལས་འདས་གྱུར་ཡང་།།
ཐ་སྙད་ཚིག་གི་འཕྲེང་བར་རྒྱུན་ནས་ཕྱོགས་ཙམ་གསལ་བའི་འཛུབ་རིས་ཤིག།
སྲོང་པོར་བརྗོད་པའི་ཁུལ་དུ་འཇུག་གོ་དད་པ་ལྡན་རྣམས་བཀློག་པར་རིགས།།

འཕགས་ཡུལ་འཛིན་མའི་ལྟོ་བར་ཆགས་པ་ལྡི་ལི་གསར་པའི་གྲོང་ཁྱེར་ནས།།
སྤྱི་སྤྱོད་འཁོར་ལོས་བྱང་དུ་གཏད་ནས་ཆུ་ཚོད་བདུན་ཙམ་བགྲོད་པའི་རྗེས།།
ནགས་རི་ཕྱུག་མོས་ཚལ་གྱིས་བརྒྱན་པའི་རི་བོའི་འཕྲེང་ལམ་བརྒལ་བ་ན།།
སཱོ་ལེན་ཞེས་བརྗོད་ཁང་ཁྱིམ་མང་ཞིང་མི་ཚོགས་གྲོང་མའི་ཚང་དེར་འབྱོར།།

འཇམ་པོའི་གཤིས་སྤྱོད་རིང་དུ་དོར་བའི་མངའ་སྡེ་གཞན་གྱི་མི་རིགས་ལས།།
ཁྱད་དུ་འཕགས་པའི་ཡོན་ཏན་ལྡན་ཏེ་གཞན་ལ་བཀུར་བསྟི་ལེགས་པ་དང་།།
བགྲོད་པ་རྨོངས་པའི་གསར་བུའི་རིགས་ལ་ལམ་སྟོན་གང་ཐུབ་བྱེད་པ་སོགས།།
གཞན་དང་བསྡུར་ན་མི་གཤིས་ལེགས་པའི་ཡོན་ཏན་སྣ་མང་གཤིས་སུ་གྲུབ།།

ལེའུ་བར་བཅུ་བཞིར་ལྷོ་ཤར་མཚམས་སུ་རི་ངོས་འཕྲེད་ཀྱིས་བརྒལ་བའི་ཚེ།།
གསོ་བྱེད་སྨན་རིགས་སྣ་ཚོགས་སྨིན་ཞིང་ཚང་ཚིང་གཡུ་ལོས་རབ་ཏུ་མཛེས།།
བཅུད་ལྡན་འབྲུ་རིགས་ཕྱུར་བུར་སྤུངས་པ་ཞིང་གྲོང་དེ་ཡི་ཡས་སྟེགས་དེར།།
སྟོབས་ལྡན་གླང་ཆེན་ས་ལ་ཉལ་འདྲའི་ཐོབ་རྒྱལ་ལ་འགོར་བདེ་བར་འབྱོར།།

སྤྱི་གཙུག་ནམ་མཁའི་དབྱིངས་སུ་འབར་ཞིང་སྙིང་ཁ་པདྨའི་དཀྱིལ་དུ་འཛུམ།།
སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་ཡང་བཀའ་དྲིན་གཞལ་དུ་བྲལ་བ་ཡི།།
མཉམ་མེད་བླ་མའི་ཐུགས་ཀྱི་འོད་ཟེར་ཡངས་པའི་ཁམས་འདིར་འཕོས་པའི་སྐུ།།
དཔོན་གསས་བླ་མའི་གཟི་འབར་བླ༵་བྲ༵ང་༧གདན་ས་སྨན་རིའི་མཚན་དོན་ལྡན།།

ལུང་རིག་རྒྱ་མཚོའི་འཇིངས་སུ་བགྲོད་པས་རིན་ཆེན་དབྱིག་བཟང་ཕྱག་ཏུ་བཞེས།།
བྱམས་བརྩེའི་འོད་སྣང་འབུམ་གྱིས་ཕྱུག་པས་གཞན་དོན་སྐྱོང་ལ་ཐུགས་སྟོབས་ལྡན།།
རབ་འབྱམས་མཁས་པ་བརྒྱ་ཕྲག་ལྷག་ལ་དགེ་བཤེས་ཆེན་པོའི་མཚན་དོན་བསྩལ།།
ཡོངས་ཀྱི་དགེ་བའི་སློབ་དཔོན་ཆེན་པོའི་གས༵ས་མཁ༵ར་ཐེག་ཆེན་གཟི་འབར་ཁ༵ང་།།

རྣམ་དག་ཚུལ་ཁྲིམས་པད་མའི་མདངས་ལྟར་གཙང་ཞིང་དག་པའི་སྐྱེད་ཚལ་དུ།།
ཉིས་བརྒྱ་ལྔ་བཅུའི་དྲི་བསུང་ཞིམ་པོས་གཙུག་གཤེན་རྒྱལ་བ་དགྱེས་མཛད་ཅིང་།།
འདུལ་བ་འཛིན་རྣམས་འདུལ་བའི་བཅས་ཁྲིམས་ཚུལ་བཞིན་སྐྱོང་བའི་སྡེ་ཆེན་པོ།།
བརྒྱ་ཕྲག་བཞི་ཡིས་ཁྲིགས་སེར་གཏམས་པ་འདུ༵ལ་བའི་ཁ༵ང་ཆེན་གཙུག་ལག་ཁང་།།

ཞང་བོད་མེས་པོའི་ཐུགས་ལས་འཁྲུངས་པའི་ལྔ་རིག་ཤེས་བྱའི་གཏེར་གྱི་སྒོ།།
སོ་སོར་བགོས་པའི་ཁང་ཆེན་རེ་རེར་ཐུན་མིན་རྣམ་དཔྱོད་རྩལ་བསྐྱེད་ནས།།
དཔྱད་བརྗོད་རིག་པའི་སྒོ་མོ་འབྱེད་ཅིང་བཟོ་རིག་ལག་རྩལ་མཛེས་ཤིང་སྡུག།
དམུ༵་ཁྲི༵་བཙ༵ད་པོ༵འི་ཞི༵བ་འཇུ༵ག་ཁ༵ང་སྟེ་ཞང་བོད་རིག་བཅུའི་བང་མཛོད་ཁང་།།

ཁང་རྩེག་བདུན་ལྡན་ཡིད་དུ་འོང་བ་གསོ༵་རི༵ག་འབུ༵མ་བཞི༵འི་སློ༵བ་ཆེ༵ན་དུ།།
སྐད་གཉིས་སྨྲ་བའི་སློབ་བུའི་ཚོགས་ལ་གསོ་བྱེད་རིག་པའི་དེད་དཔོན་སྟེ།།
དཔྱད་བུ་ཁྲི་ཤེས་གསུང་རྒྱུན་ཟབ་མོའི་ཕྱག་ལེན་སྙིང་དོན་མདོར་དྲིལ་ནས།།
སྐྱེ་དགུའི་ཚོགས་ལ་ཕན་བདེའི་དཔལ་དུ་གསོ་བྱེད་སྨན་གྱི་གྲུ་ཆར་འབེབ།།

བོན་བསྟན་སྐྱོང་བར་ཞལ་གསུང་སྒྲ་དབྱངས་ལྷ་བླའི་ཚོགས་ལ་སྙན་གཏད་ཅིང་།།
འགྲོ་ཀུན་སྐྱོབ་པའི་ནུས་མཐུ་མྱུར་མོ་བསང་དུད་སྔོན་མོའི་ཀླུང་དང་བསྡེབས།།
བསྟན་འཛིན་སྐྱེས་བུ་གང་དུ་བཞུགས་པར་སྡོང་གྲོགས་གློག་གི་ཞགས་པ་ཅན།།
བོན་གཤེན་རྔ་སྒྲས་ཉིན་མཚན་མཐུད་པའི་སྒྲུ༵བ་ཁ༵ང་དབ༵ང་དྲ༵ག་ཕོ༵་བྲང༵་མཆོག།

དགག་སྒྲུབ་ལུང་རིགས་གནམ་ལྕགས་རལ་གྲི་སྤོང་ལམ་རྣམ་བཞིའི་མཚོན་དུ་བགོ།
འདིར་སྣང་ཆོ་འཕྲུལ་འཇིག་རྟེན་རྟོག་ཚོགས་སྒྱུར་ལམ་རྣམ་བཞིའི་གྲོགས་སུ་ཁྱེར།།
སྣང་སྟོང་འོད་གསལ་གཞལ་ཡས་ཆེན་པོ་ཐོད་བརྒལ་སྣང་བཞིའི་གདན་དུ་འདིང་།།
མདོ་སྔགས་ངྷི་སྒྲས་གནམ་སར་ཁེངས་པའི་འཆ༵ད་ར༵་ཐོ༵ས་བས༵མ་དག༵འ་ཚ༵ལ་གླི༵ང་།།

རྒྱལ་གཤེན་སྟོན་པའི་ཐེག་དགུའི་ཉིང་བཅུད་རྒྱལ་བའི་བཀའ་དང་བཀའ་བརྟེན་དང་།།
ཤཱཀྱ་ཐུབ་པའི་ཐེག་བཞིའི་རོལ་དབྱངས་བཀའ་འགྱུར་བསྟན་འགྱུར་བྲག་ལྟར་རྩིག།
སྣ་ཚོགས་ཤེས་བྱའི་དཔེ་དེབ་སྤུངས་ཞིང་ཅ་དངོས་རྙིང་རུལ་འགྲེམས་སྟོན་སོགས།།
༧གོང་ས་མཆོག་གིས་ཞལ་ཕྱེས་གནང་བའི་གཡུ༵ང་དྲུ༵ང་བོ༵ན་གྱི༵་དཔེ༵་མཛོ༵ད་ཁ༵ང་།།

འཕྲིན་ལས་རྣམ་བཞི་གཟུཊ་སུ་བཀོད་པས་ཕྱོགས་བཞིའི་གདོན་གྱིས་མི་ཚུགས་ཤིང་།།
མཆོད་རྟེན་ཁྲི་འཕང་གནམ་ལ་བརྩིགས་པས་འབྱུང་བཞིའི་འཇིག་པ་མི་འབྱུང་ལ།།
གས༵ང་ཆེན་སྔག༵ས་ཀྱི་སྒྲ་དབྱངས་སྟོང་གིས་སྲིད་གསུམ་དྲེཊ་པའི་ཀླད་པ་འགེམས།།
རིམ་གཉིས་ཟབ་ལམ་སྔགས་ཀྱི་རྣལ་འབྱོར་གདེངས་སུ་ཐོབ་པའི་སྒོ༵མ་སྒྲུ༵བ་གླི༵ང་།།

རྣམ་དག་ཚུལ་ཁྲིམས་ཧ་རིའི་ལྗོན་བཟང་ཕྱོགས་བཅུར་རྒྱས་པའི་ཚལ་ཆེན་དུ།།
བཤད་སྒྲུབ་པད་མོའི་དགའ་ཚལ་རྒྱས་ཤིང་སློབ་ཚོཊ་ར་ཡིག་གཉིས་པའི་ཁྱུས།།
འཆད་རྩོད་རྩོམ་གསུམ་སྒྲ་དབྱངས་སྙན་མོ་མཁས་རྒུའི་རྣ་བའི་བཅུད་དུ་འབེབ།།
ལྷོ་ངོས་སྨན་རིའི་འདབས་སུ་བཞུགས་པའི་བཙུན་དགོན་རདྣ༵་སྨ༵ན་གླི༵ང་བསྟོད།།

བྱམས་པའི་འོད་ཀྱིས་གནམ་ས་འཁྱུད་ཅིང་ཁྱད་པར་ཉམ་ཐག་བྱིས་པའི་རིགས།།
མི་ཚེའི་རིན་ཐང་གསེར་དུ་བསྒྱུར་བར་སྟོབས་ཀྱི་ཞགས་པས་མཐར་བརྟེན་པས།།
སློབ་ལ་བརྩོན་པའི་བོ༵ན་ཕྲུ༵ག་ཚོགས་རྣམས་མ་བོས་ངང་གིས་འདུས་པ་རྣམས།།
བདེ༵་སྐྱིད་དོ༵ན་སྙིང་ལོངས་སུ་སྤྱོད་པའི་སློབ་རའི་ཁོར་ཡུག་མཛེས་ཤིང་སྡུག།

དུས་རབས་གསར་པའི་གོ་ལའི་ཁྱོན་འདིར་གོམ་ཁ་མཉམ་དུ་སྤོ་སྟངས་སམ།།
ཤེས་བྱ་གསར་པའི་རིགས་ཀྱི་དཀྱིལ་འཁོར་གློག་གིས་སྦྲེལ་བའི་གནམ་ས་རུ།།
བློ་གྲོས་གསར་པའི་འཇུག་པ་ཡངས་མོས་མདུན་ལམ་འོད་ཀྱིས་འཚོ་བའི་ཕྱིར།།
ན་ཚོད་གསར་པའི་གཞོན་ནུ་མང་པོས་ཉི༵ན་རེ༵འི་སློ༵བ་གྲྭ༵ར་འགྲིམས་ཤིང་འབད།།

ཐ་སྙད་མངོན་བརྗོད་སྡེབ་སྦྱོར་ལ་སོགས་གོ་དཀའི་ཚིག་ཤོམ་མ་སྤྲས་ཤིང་།།
སུས་ཀྱང་བཀློག་ན་གོ་བར་སྙམ་པའི་ཚིགས་བཅད་གཏམ་གྱི་ཕྲེང་བ་འདིར།།
བརྗོད་བྱ་དོན་ལས་རིང་དུ་འདས་དང་རྗོད་བྱེད་ཚིག་དོན་འཁྱོལ་བའི་རིགས།།
གལ་སྲིད་ཡོད་ན་ཤེས་ལྡན་རྣམས་ལ་བཟོད་པར་གསོལ་ཞེས་འདི་ཡང་མཆིད།།

    ཉེ་ཆར་གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་དཔལ་ལྡན་སྨན་རིའི་གླིང་དང་དེའི་ཉེ་འཁོར་དུ་ཡོད་པའི་ཁོར་ཡུག་གི་བཀོད་པ་འགའ་པར་དུ་རྒྱབ་ནས་ངོ་དེབ་སོགས་དྲ་ཐོག་ཏུ་བཞག་པར་མཆེད་གྲོགས་འགས་འདྲ་པར་དེ་དག་ལ་འགྲེལ་བཤད་སྙིང་བསྡུས་རེ་ཚིགས་བཅད་དུ་སྤེལ་ཐུབ་ན་ལེགས་རབ་ཅེས་བསྐུལ་མཁན་མང་ཙམ་བྱུང་བས་དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ཉིན་གྱི་ཕྱི་དྲོ་ནི་༼གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ༽འི་རྩོམ་སྒྲིག་སྐྱར་ཞིབ་ཀྱི་ལས་གནས་ནས་གུང་གསེང་དང་འཁེལ་ཡོད་པས་ཚིགས་བཅད་འགའ་ཐོལ་བྱུང་དུ་བྲིས་ནས་དྲ་ཐོག་འདིར་བཀོད་པའི་ཁུལ་ལོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *