སྲིད་པའི་གངས་རྒན། ༼གངས་ཏི་སེའི་ཁ་ཡིག་ཀློག་པ།༽  

རྩོམ་ཡིག་འདི་ཐེངས། 768 བཀླགས་འདུག

 Screen Shot 2016-01-05 at 9.29.36 AM

གདོད་ནས་སྲིད་པའི་ལྷ་རི་དཀར་པོ།།

ཡེ་ནས་ཀ་དག་ལྷུན་འགྲུབ་རང་བཞིན།།

སྲིད་ནས་གངས་རྒན་ཞྭ་དཀར་ཅན་པོ།།

གྲུབ་ནས་གདོད་མའི་བླ་རི་བཙན་པོ།།

དམུ་ཐག་འོད་ཀྱི་ཐིག་ལེ་དྲངས་པ།།

དབུ་རྨོག་དགུང་གི་ན་བུན་དཀྲིས་པ།།

བརྒྱད་ཅུའི་གོས་དཀར་རྟག་ཏུ་ཀླུབ་པ།།

སྲིད་པའི་གངས་རྒན་འོད་པོ་ཆེན་མོ།།

ས་སྒང་ཟླུམ་པོའི་ཏོག་ཏུ་བརྗིད་པ།།

ཧི་མ་ལ་ཡའི་རུས་རྒྱུད་གཅིག་པ།།

ཆུ་ཆེན་བཞི་ཡི་ཕུག་པའི་ཕུག་པ།།

རིན་ཐང་བྲལ་བའི་ཤེལ་གྱི་ལྷུན་པོ།།

ཞང་ཞུང་རྒྱལ་གྱི་བླ་རི་གངས་དཀར།།

གདོང་དམར་བོད་ཀྱི་དགྲ་ལྷ་ཝེར་མ།།

མ་ཕམ་གཡུ་མཚོའི་སྟག་ཤར་གཞོན་པ།།

ལྷོ་རྒྱལ་འཛམ་བུའི་ལྟེ་བ་དཀར་པོ།།

རིག་འཛིན་གོང་མའི་མི་ཤིགས་གསས་མཁར།།

ལམ་པ་འཕགས་པའི་གཡུང་དྲུང་དགུ་ཟམ།།

ཁམས་གསུམ་སོ་སྐྱེའི་ཕྱག་སྐོར་སྒྲུབ་གནས།།

གྲུབ་མཐའ་ཀུན་གྱི་རིས་མེད་གནས་མཆོག། ‭

ཞང་ཞུང་བགྲེས་པོའི་སྨར་ཡིག་ཆེ་ཆུང་།།

སྒང་པ་ཚང་གི་སྤུངས་སོ་བརྡ་ཆད།།

ཕྱྭ་གཤེན་པ་ཡི་མོ་རྩིས་གཏོ་དཔྱད།།

ཐེག་དགུ་འདེགས་མཁན་སྲིད་པའི་གངས་རྒན།།

ལྷ་ཆེན་ཚང་གི་དབང་ཕྱུག་ཆེན་པོ།།

ཀླུ་རྒྱལ་གཙུག་ནའི་དབྱིག་གི་བང་མཛོད།།

ཡེ་སྲིད་བོན་གྱི་བསྐལ་པའི་ཆོ་རབས།།

སྲིད་པའི་བླ་རི་གངས་དཀར་ཏི་སེ།།

༢༠༡༨/༤/༢༥/ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *