ནུབ་ཕྱོགས་འགྲིམས་པའི་རྐང་རྗེས། [ལོ་ངོ་དྲུག་རིང་།]
རྩོམ་ཡིག་འདི་ཐེངས། 3375 བཀླགས་འདུག
༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་།༽
[རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་]ནི་ཞང་བོད་མེས་པོ་དག་གི་ཤ་གསེང་དང་རུས་གསེང་ནས་བཞུར་བའི་རྩ་ཆེའི་ཤེས་རིག་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུའི་འོས་འགན་རང་རེ་བོད་མི་སྤྱི་སྒེར་སོ་སོའི་ཕྲག་ཏུ་ལྗིད་ཏིག་གེར་ཡོད་པ་ངོས་ཟིན་པའི་སྒོ་ནས་ཚོགས་པ་འདི་ཕྱི་ལོ་༢༠༡༢ལོར་ཨ་རིའི་སྲིད་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། འདས་པའི་ལོ་ངོ་དྲུག་གི་རིང་ཁོ་བོས་དངོས་དང་དྲ་ལམ་གང་རུང་བརྒྱུད་ནས་ནུབ་ཕྱོགས་པ་རྣམས་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་དང་། འབྱུང་རྩིས། དེ་བཞིན་སྐད་ཡིག་རིག་པ་སོགས་རང་ཉིད་ཀྱི་དུས་ཚོད་དང་བསྟུན་ཏེ་ཁྲིད་པ་དང་། མཚམས་རེར་རང་རེའི་དགོན་སྡེ་ཁག་གི་མཁན་པོ་དང་། དཔོན་སློབ། དགེ་བཤེས། དེ་བཞིན་ཆེད་མཁས་མི་སྣའི་རིགས་འདི་གའི་སློབ་ཚོགས་སུ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་དང་རིག་གཞུང་ཁྱབ་སྤེལ་གྱི་ཕྱོགས་ནས་ཞང་བོད་ཤེས་རིག་གི་བསྟན་པར་སྲི་ཞུའི་བྱ་བ་མི་དམན་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ད་ཆར་ཚོགས་པའི་གཞི་རྒྱ་ཅུང་རྒྱ་ཆེ་རུ་བཏང་ནས་ཨ་རིའི་ནང་ཁུལ་དང་ཡོ་རོབ་སོགས་སུ་རྒྱལ་གཤེན་གྱི་ཡན་ལག་ཁག་ཅིག་འཛུགས་བཞིན་ཡོད།
གཞན་སྐད་མ་ཤེས་གཡག་གི་གཟུགས་གྱུར་ཡང་། །རིམ་གྱིས་ཟ་སྐད་འཐུང་སྐད་འཁྱལ་མ་འཁྱོལ། །
ད་ནི་འགྲོ་འདུག་གང་ལ་ཐོགས་པ་མེད། །ནུབ་ཕྱོགས་འགྲིམས་པའི་རྐང་རྗེས་དང་པོ་ཡིན། །
༼རྒྱལ་གཤེན་ནོར་མཛོད།༽
ཕྱི་ལོ་༢༠༡༤་ནས་བཟུང་[རྒྱལ་གཤེན་ནོར་མཛོད་]ཅེས་དྲ་ལམ་ནས་བོན་གྱི་དཔེ་དེབ་རིགས་དང་། བོན་སྤྱོད་ཉམས་ལེན་པ་རྣམས་ལ་ཆེས་མཁོ་གལ་ཆེ་བའི་ཅ་དངོས་རིགས་ཚོང་གཉེར་བྱེད་ས་ཞིག་བཙུགས་ཡོད་ཅིང་། དེའང་དམིགས་ཡུལ་ནི་ཚོང་དོན་ཁོ་ནའི་ཆེད་མ་ཡིན་པར་ནམ་ཞིག་ནུབ་ཕྱོགས་པ་ཚོའི་མིག་སྔར་ལག་སྟོང་བཟེད་ནས་ཡུན་རིང་འདུག་མི་དགོས་པར་རང་ཁ་རང་གསོའི་ཆེད་དུ་བཙུགས་པ་དང་། དེ་བཞིན་བོན་སྤྱོད་དང་འབྲེལ་བའི་ཅ་དངོས་ཚོང་རྫས་མང་ཆེ་བར་རིན་གོང་མཐོ་དམན་ལ་མ་ལྟོས་པར་སྤུས་ཀ་གང་ལེགས་ལེགས་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་པས་བླུ་མི་རྣམས་ཀྱིས་གདེངས་འཇོག་ཡག་པོ་འཐོབ་བཞིན་ཡོད།
མིང་དང་འབྱོར་ཕྱུག་ལྡན་པའི་ལག་འོག་ནས། །Yes ལགས་སོ་ཟེར་བ་ངས་མི་འདོད། །
འཛམ་ལྷ་སྔོན་པོའི་ཕྱྭ་གཡང་གྲོགས་སུ་ཁུགས། །རང་ཁ་སོས་པའི་རྐང་རྗེས་གཉིས་པ་ཡིན། །
༼རྒྱལ་གཤེན་བོན་སྒྲ།༽
ཕྱི་ལོ་༢༠༡༥་ནས་བཟུང་སྟེ་ཆེས་བཀུར་བར་འོས་པའི་རིག་པའི་གྲོགས་པོ་སྐོར་ཞིག་དང་ལྷན་དུ་[རྒྱལ་གཤེན་བོན་སྒྲ་]ཞེས་པའི་ཞང་བོད་ཀྱི་རྩོམ་རིགས་སྣ་མང་འཛོམས་པའི་དྲ་ཚིགས་ཆེན་པོ་འདི་སྒོ་ཕྱེས། དེའང་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པའི་བྱུང་རབས་དང་། ཞང་བོད་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས། གནའ་དེང་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རིམ། ཤར་ནུབ་གཉིས་ཀྱི་སྤྱི་ཚོགས་ཁྲོད་རྒྱུན་མཁོའི་ཤེས་བྱ་ཚུན་ཆད་ངོ་སྤྲོད་བྱེད་སའི་དུས་རབས་ཀྱི་ཕོ་ཉ་གསར་པ་སྐུ་ཉིད་ཀྱི་ཐུགས་བློ་དང་འཚམས་པ་ཞིག་ཡིན། སྤྱིའི་ཆ་ནས་༼རྒྱལ་གཤེན་བོན་སྒྲ་༽རུ་རྩོམ་ཡིག་འགོད་པར་མ་མཐའི་སྤུས་ཀའི་ཚད་གཞི་ལོངས་དགོས་པ་དང་། གནས་ཚུལ་གྱི་སྡེ་ཚན་ནང་དུའང་དགོན་པ་དང་གྲོང་སྡེ་ག་གེ་མོས་ཚོགས་ཁང་གསར་དུ་བཞེངས་པ་དང་། སྐུ་འདྲ་བཟོས་པ། མཆོད་རྟེན་བརྩིགས་པ། ཀུན་རིག་བླུགས་པ། ཚོགས་འབུལ་ཞུས་པ་ལྟ་བུའི་སྤྱིར་བཏང་གི་གནས་ཚུལ་རིགས་སྤེལ་བརྩིས་མེད། གཞན་ཞིག་ཏུ་ཕྱི་ལོ་༢༠༡༦་ལོར་རྒྱལ་གཤེན་བོན་སྒྲའི་ངོས་ནས་རྩོམ་ཡིག་འགྲན་བསྡུར་གྱི་ལས་འགུལ་ཞིག་ཀྱང་སྤེལ་བ་སོགས་ཞང་བོད་གཉིས་ཀའི་རྩོམ་རིག་ཤེས་བྱའི་བསྟན་པར་ཅུང་ཙམ་ཕན་པའི་ལས་དོན་ཕྲན་བུ་རེ་སྒྲུབ་བཞིན་ཡོད་ལ། དེ་བཞིན་རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཞང་བོད་ཀྱི་སྨྱུག་ཐོགས་པ་རྣམས་ཀྱི་སྤྱན་ལམ་དུ་དྲ་མཛོད་ཆེན་མོ་[རྒྱལ་གཤེན་བོན་སྒྲ་]འདི་བརྒྱུད་ནས་རྩོམ་ཡིག་སྟོང་ཕྲག་གཅིག་ལ་ཉེ་བ་ཙམ་ཕུལ་ཡོད། ནམ་ཞིག་དྲ་ཚིགས་འདི་དབྱིན་བོད་ཟུང་ལྡན་ཞིག་ཏུ་འགྱུར་བར་སྙམ་ཡོད།
གཞན་གྱི་སྐད་དང་འཚོ་བའི་བར་གསེང་དུ། །རང་སྐད་བརླགས་པའི་ཉེན་ཁ་མིག་གིས་མཐོང་། །
རང་གི་རྩོམ་རིག་གླེང་བར་གནའ་ནས་དུང་། །རང་ས་འཛིན་པའི་རྐང་རྗེས་གསུམ་པ་ཡིན། །
༼རྒྱལ་གཤེན་དཔེ་སྐྲུན་ཁང་།༽
ཕྱི་ལོ་༢༠༡༦་ལོར་གསར་དུ་བཙུགས་པའི་[རྒྱལ་གཤེན་དཔེ་སྐྲུན་ཁང་]ནི་[རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་]གི་ཁྱབ་ཁོངས་སུ་གཏོགས་པ་ཙམ་ལས། གཙོ་བོ་ཡིག་སྒྱུར་དང་དཔེ་སྐྲུན་ཆེད་དུ་དམིགས་ནས་ཨ་རིའི་གཞུང་ལ་དེབ་སྐྱེལ་ཞུས་པ་དང་། ཕྱི་ལོ་༢༠༡༨་བར་བོད་ཡིག་དཔེ་དེབ་གྲངས་༨དང་དབྱིན་དེབ་གྲངས་༧དཔར་བསྐྲུན་དང་འགྲེམས་སྤེལ་ཞུས་ཟིན། མི་རིང་བར་ཕྲན་རང་གིས་བྲིས་པའི་དཔེ་དེབ་གསར་པ་གཉིས་འདོན་འཆར་ཡིན། དཔེ་སྐྲུན་ཐད་ཀྱི་རྩ་བའི་འགྲོ་གྲོན་ཡོངས་རྫོགས་ཡོ་རོབ་གླིང་དུ་ཕྱི་ལོ་༢༠༡༦་ལོར་བཙུགས་པའི་[བྱ་འཕུར་ཐེབས་རྩ་ཚོགས་པ་]བརྒྱུད་ནས་གཏོང་བཞིན་པ་རེད། རྒྱལ་གཤེན་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་བཞིན་པ་རྣམས་ནི་གནའ་རབས་ཀྱི་བོན་དཔེ་ཁག་བསྐྱར་དཔར་དང་ཡང་དཔར་མ་ཡིན་པར། རྩོམ་རིག་གི་ཁ་ཕྱོགས་སྔར་ལས་ཀྱང་ཡར་རྒྱས་སུ་འགྲོ་ཕྱིར་དུ་དམིགས་ཏེ་ད་ལྟའི་རྩོམ་པ་པོའི་དཔུང་སྡེའི་རྩོམ་ཡིག་གསར་པའི་རིགས་དཔར་དུ་བསྐྲུན་ནས་རྩོམ་པ་པོ་ཁོང་ཅག་ལ་ཞབས་ཞུ་བསྒྲུབ་ཐུབ་ན་སྙམ་པའི་བསམ་བློ་ཞིག་ཁོ་བོར་སྔ་མོ་ནས་ཡོད། དེའི་ཕྱིར་ན་རང་གིས་གང་བསམ་པར་རང་རྐང་ནས་ལངས་ཏེ་རང་ཚུགས་མི་ཡོ་བར་གདོང་གཏད་དེ་འགྲོ་རྒྱུ་ནི་ངའི་གཤིས་ཀར་ཡོད་པས་ནུབ་ཕྱོགས་ཁྲོད་ནས་ཀྱང་རྒྱུན་ལྡན་གྱི་བྲེལ་བ་ཆེ་མིན་ལ་མ་ལྟོས་པར་ཞང་བོད་རྩོམ་རིག་ཆེད་སྲི་ཞུའི་བྱ་བ་བསྒྲུབ་རྒྱུ་ནི་ངའི་མི་ཚེའི་ནང་གི་དམ་བཅའི་ཟུར་གཅིག་ཀྱང་ཡིན་པས་[རྒྱལ་གཤེན་དཔེ་སྐྲུན་ཁང་]འདི་གསར་འཛུགས་དང་ལག་བསྟར་དངོས་སུ་བྱེད་བཞིན་ཡོད།
དེང་རབས་སྨྱུ་གུའི་དཔུང་ཚོགས་རྒྱས་པའི་ཕྱིར། །རྩོམ་ཡིག་དཔར་དུ་བསྐྲུན་པ་གལ་ཆེ་བ། །
རང་གི་ཉམས་མྱོང་དམར་པོའི་གཞི་ལས་བསླངས། །དཔེ་ཁང་གཙུགས་པའི་རྐང་རྗེས་བཞི་པ་ཡིན། །
༼བྱ་འཕུར་ཐེབས་རྩ་ཚོགས་པ།༽
ཞོར་འཕྲོས། [བྱ་འཕུར་ཐེབས་རྩ་ཚོགས་པ་]ནི་ཕྱི་ལོ་༢༠༡༦་ལོར་ཡོ་གླིང་དུ་ཁྲིམས་མཐུན་དེབ་སྐྱེལ་ཞུས། དེའང་བོན་ཆོས་ལ་དད་པའི་སློབ་མ་དང་ཁྱིམ་ཚང་དེ་བཞིན་དེ་དག་གི་གྲོགས་པོ་གྲོགས་མོ་རྣམས་ལ་གནས་སྐབས་མི་འདོད་པའི་རྐྱེན་དང་བར་ཆོད་སོགས་ཞི་ཕྱིར་འདོན་སྐུལ་འཕྲིན་བཅོལ་རིགས་ཀྱིས་མཚོན། ཤར་ནུབ་སྤྱི་ཚོགས་ཕན་ཚུན་བར་དུ་མཐུན་སྒྲིལ་གྱི་ཟམ་པ་ལྟ་བུར་བསྐྲུན་པ་དང་། དེར་མ་ཟད་འབྱོར་ལྡན་ཁག་ཅིག་གི་ཕྱག་རོགས་ལ་བརྟེན་ནས་ཉམ་ཐག་འགར་མིག་གཤག་བཅོས་ཀྱིས་མཚོན་སྨན་བཅོས་ཆེད་དུ་རོགས་ཕན་ཡང་བསྒྲུབས་ཡོད། གཞན་ཡང་ཕྱི་ལོ་༢༠༡༦་ནས་བཟུང་ལོ་གསུམ་རིང་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་བཤད་སྒྲུབ་སློབ་གླིང་གི་ཆེད་དུ་[བྱ་འཕུར་བླ་བྲང་]དང་[བྱ་འཕུར་ཐེབས་རྩ་ཚོགས་པ་]མཉམ་འབྲེལ་གྱིས་རྒྱ་སྒོར་ཁྲི་བརྒྱ་ཙམ་གྱིས་མཆོད་འབྲེལ་ཞུས་པ་དང་། འདི་ལོ་ནས་བཟུང་སྟེ་བྱ་འཕུར་ཐེབས་རྩ་ཚོགས་པ་འདི་བརྒྱུད་ནས་དགོན་སྡེ་གཞན་གྱི་བཤད་སྒྲུབ་སློབ་གཉེར་བའི་མཐུན་རྐྱེན་ཆེད་ཞབས་འདེགས་གང་ནུས་ཞུ་འཆར་ཡོད་པ་བཅས། །
སྤྲང་པོ་ཡིན་ཞེས་ཞལ་འདེབས་སློང་བ་དང་། །ཕྱུག་པོ་ཡིན་ཞེས་རྫིག་ཉམས་སྟོན་པ་མཐོང་། །
ཁོ་བོས་སྤྱི་ཚོགས་གཉིས་ཀར་ཕན་པའི་ཆེད། །བྱ་འཕུར་ཐེབས་རྩ་རྐང་རྗེས་ལྔ་པ་ཡིན། །
ཞང་བོད་མཁས་པས་ལུས་ཀྱི་འཕྲོད་བསྟེན་དང་། །ཉམས་རྟོགས་རིག་པ་འཕེལ་བའི་ཐབས་ཤེས་སུ། །
རྩ་རླུང་ཐིག་ལེ་ཡིག་འབྲུས་བདེ་དྲོད་འབར། །ཀེགས་སེལ་རྩལ་སྦྱོང་རྐང་རྗེས་དྲུག་པ་ཡིན། །
རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་འགན་འཛིན་
བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་ཕྱི་ལོ་༢༠༡༨་ཟླ་༥་ཚེས་༡༨་ཉིན་
གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་དཔལ་ལྡན་སྨན་རིའི་གླིང་ནས་ཕུལ།
བསམ་ཚུལ་ཕྲིས།