ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ལ་མྱ་ངན་ཞུ་བ།

། དུས་རབས་གསར་རྙིང་བསྣོལ་མཚམས་དེ་རུ་རྒྱལ་ཁམས་ཉུལ་བའི་སྐྱེས་མཆོག་ཅིག ། ཆུང་ནས་ཐོས་བསམ་གཞུང་ལ་འབུངས་པས་ཨ་འཛོམས་པ་ཡི་སྐྱེས་མིང་འཛིན།། གྲུབ་མཐའི་རྒྱ་དང་ཕྱོགས་སུ་མ་ལྷུང་ཡང་ཟབ་ཨ་ཏིའི་ཐབས་ལམ་བཙལ།། གོ་ལ་འདི་ཡི་ཤར་ནུབ་ཀུན་ལ་ཐུ་བྷོཊ་རིག་པའི་ཕྲ་རྒྱན་བཀོད།།

ཞང་ཞུང་རྒན་པོ། (ཀློང་ཆེན་པ་ནམ་མཁའི་ནོར་བུའི་མཛད་རྗེས་དྲན་པ།)

ངོ་བོ་གར་ཡང་བརྗོད་མེད་པ། ། རོལ་པ་སྣ་ཚོགས་གཉིས་བསྡུས་བོན། ། རོལ་རྩེད་ཅི་ཡང་སྣང་བ་ཡང་། ། ཡེ་ཤེས་སྣང་བ་དབྱིངས་སུ་ཐིམ། །

ནམ་མཁའི་ནོར་བུ་དྲན་པ། 

། བོད་ཀྱི་རིག་པའི་འོད་སྣང་བཀྱེ་ཐེངས་རེས།། ལོག་བཤད་མུན་པའི་མགྲིན་པ་གཏིང་ནས་རྨས།། སྙན་པ་ཤར་ནུབ་མཁའ་ལ་འཕུར་བ་ཡི།། ནམ་མཁའི་ནོར་བུ་དེང་འདིར་དྲན་པར་རིགས།། 

ཤིས་བརྗོད་བརྒྱ་སྟོན་བསུ་བའི་དུང་བརྡ།

། སྲིད་པའི་གངས་རྒྱལ་ཏི་སེའི་འདབས་རོལ་ན།། ཡ་ཐོག་ཞང་ཞུང་ཝེར་རོའི་མངའ་རིས་སུ།། རྨད་བྱུང་མཁའ་འགྱིང་གཉན་གྱིས་བྱིན་རླབས་སྲས།། གདུང་རྒྱུད་ཤེལ་དཀར་འཕྲེང་བ་རིམ་གྱིས་གྲོལ།། ། རེ་ཞིག་ཞང་ཞུང་རྒྱལ་པོའི་དབང་རླུང་གུད།། ཐུ་བྷོད་བཙན་པོས་གཡོ་རྒྱུའི་ལས་ལ་སྦྱོར།། སྟོང་སྡེས་ཁྲི་སྡེ་བརླགས་པའི་དུས་ཙམ་ན།། སྟོང་རྒྱུང་རིང་མོས་ཞང་ཞུང་རྒྱལ་སྲིད་བསྐྱངས།། ། འབངས་གྱིས་མ་རློམ་མདོ་སྨད་ཡུལ་དུ་བྱོལ།། ཞབས་ཀྱི་འདེགས་འཇོག་ཤུལ་ནས་པད་མོ་འཁྲུངས།། དེར་བརྟགས་དམག་གིས་དེད་པས་ཐུགས་ལ་མཁྱེན།། རྨ་ཀླུང་དལ་འགྲོར་རྫུ་འཕྲུལ་རྩལ་གྱིས་བསྐྱོད།། ། རྨ་རྒྱལ་ཤར་གྱི་གནས་མདུན་གང་དེ་ན།། སྒྲུབ་པའི་གྲོགས་བརྟེན་གཉན་གྱི་རིགས་རྒྱུད་སྤེལ།། རིམ་གྱིས་རྨ་ཤོད་གཡང་གི་ར་བ་ཞེས།། མདོ་སྨད་རྔ་གཡང་ཕྱུག་མོའི་པང་བ་རུ།། ། རིགས་སྲས་བློ་གྲོས་བཟང་པོའི་རྒྱལ་མཚན་གྱིས།། ཞུ་སྒོམ་ཆེན་པོའི་ཐུགས་བཅུད་རོལ་བའི་མུར།། རྟོག་འཛིན་འཁྲུལ་བའི་མཚན་མ་དབྱིངས་སུ་ཞིག། མདོ་སྨད་སྣང་ཞིག་ཆེན་པོའི་བླ་དྭགས་འཆང་།། ། དེ་སྲས་སྣང་ཞིག་སྟོན་འཕགས་ཆེན་པོ་ཡིས།། བང་བཙན་བསེ་ཁྲབ་གཉེན་པོའི་ལྷ་ཞོལ་དུ།། བཤད་སྒྲུབ་བསྟན་པ་འབྱུང་བའི་ཚོགས་ཞིང་དེར།། གྱེར་བསྟན་སྲིད་པའི་ཀ་ཆེན་རྨང་ནས་བསླངས།། ། དེ་ཚེ་མདོ་ཁམས་ས་ཡི་ལྟོ་བ་རུ།། མཚན་སྙན་དཀར་པོའི་བ་དན་མཐོ་རུ་བཏེགས།། རིགས་རྒྱུད་བྱིན་རླབས་གསེར་རིའི་འཕྲེང་བ་ལྟར།། བདག་གཞན་དོན་གཉིས་སྒྲུབ་ལ་དགྱེས་ཤིང་བྲེལ།། ། ཁྱད་འཕགས་སྣང་སྟོན་མུ་ལ་མ་ཏི་མཚན།། དོན་གྱིས་སྨྲོས་ན་ནམ་མཁའ་བློ་གྲོས་ཞེས།། འགྲན་བྲལ་མཉམ་མེད་བླ་མའི་རྣམ་རོལ་བ།། མདོ་སྨད་སྣང་ཞིག་ཆེན་པོའི་གདུང་ལས་འཁྲུངས།། ། སྡེ་གསུམ་གཞུང་བརྒྱའི་ཟབ་གནད་ཐུགས་སུ་ཆུད།། རྣམ་དག་འདུལ་ཁྲིམས་གཙང་མའི་བསླབ་པ་བཙུན།། རིང་ལུགས་འཁྲུལ་མེད་མཉམ་མེད་བླ་མའི་སྲོལ།། འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྨད་དུ་བྱུང་།། ། དེ་ཚེ་གདན་ས་རབ་ལེགས་གཡུང་གླིང་གི། དཔོན་སློབ་སྨྲ་དབང་ཤེས་རབ་གྲགས་པ་ཞེས།། མཁས་བཙུན་བཟང་གསུམ་མངའ་བའི་བཤེས་གཉེན་དེ།། དགོན་འདིར་སྤྱན་དྲངས་འཆད་ཉན་དབུ་ཡང་བརྙེས།། …

ཤིས་སྨོན་འཕྲུལ་ངག་བོན་གྱི་བསྭོ་སྒྲ།

བཤད་སྒྲུབ་སློབ་གླིང་ལ་ཕུལ་བའི་ཤིས་སྨོན་འཕྲུལ་ངག་བོན་གྱི་བསྭོ་སྒྲ། སྣང་བ་དབྱིངས་སུ་ཞིག་པའི་དགོན་ཆེན་གྱི།། བསྟན་པའི་བདག་པོར་གྱུར་པའི་སྐྱེས་ཆེན་ཏེ།། སྣང་སྟོན་སྐལ་བཟང་བློ་གྲོས་རྒྱལ་མཚན་ཞེས།། ཁྱེད་ཀྱི་གསང་གསུམ་འཕྲིན་ལས་བཀུར་བའི་ཞིང་།། / འཕྲུལ་ངག་བོན་གྱི་བསྟན་འཛིན་བརྒྱ་ཕྲག་དཀྲིགས།། བོན་འཁོར་རྣམ་བཞིའི་མཛད་བཟང་བརྟན་ཅིང་བརྗིད།། བདག་གཞན་དོན་གཉིས་སྨིན་གྲོལ་ཀ་ཆེན་འཛུགས།། བཤད་སྒྲུབ་འདུས་པའི་སློབ་གླིང་མཆོད་པའི་གནས།། / སྡེ་སྣོད་གསུམ་གྱི་འཆད་ཉན་རྨད་དུ་བྱུང་།། བསླབ་པ་གསུམ་གྱི་ཉམས་ལེན་བག་རེ་དྲོ།། ལུང་རིགས་ཟུང་གིས་དག་ཐེར་ཉམས་རེ་དགའ།། གཤེན་རྒྱལ་དགྱེས་པའི་འདུས་སྡེ་ཕྱག་གི་ཡུལ།།  / བསྟན་པའི་སྲོག་ཤིང་བཤད་སྒྲུབ་རྣམ་གཉིས་ཡིན།། བཤད་སྒྲུབ་བསྟན་འཛིན་དགེ་སློབ་ཁྱེད་རྣམས་ཡིན།། དགེ་སློབ་ལྷན་རྒྱས་ངལ་མེད་འཁོར་ལོ་བཞིར།། གུས་རྟག་སྦྱོར་བས་བརྩོན་ན་བསྟན་མཆོག་རྒྱས།། / མདོ་སྨད་ནོར་འཛིན་ཡངས་པའི་ཞིང་ཁམས་སུ།། བགྲང་བྱ་བརྒྱ་ཕྲག་འཁོར་བའི་རྟེན་འབྲེལ་ཕྱིར།། མཚན་དོན་མཐུན་པའི་ཤིས་སྨོན་བསྭོ་སྒྲ་འདི།། རྣམ་པར་རྒྱལ་བའི་སློབ་གླིང་ཕྱོགས་དེར་ཕུལ།། /       མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་བ་དབྱིངས་སུ་ཞིག་པའི་དགོན་ཆེན་དེར་བཤད་སྒྲུབ་ཀྱི་བསྟན་པ་དབུ་བརྙེས་ནས་བགྲང་བྱ་བརྒྱ་ཕྲག་གཅིག་ཙམ་འཁོར་བའི་སྐལ་བཟང་གི་དུས་འདིར་མཚན་དོན་མཐུན་པའི་བསྔགས་པ་མི་ཉུང་བ་འཕྲུལ་ངག་བོན་གྱི་བསྭོ་སྒྲ་ཞེས་པ་འདི་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་གུས་འདུད་དང་བཅས་ཏེ་ཕུལ།