སྨྲ་སེང་ཆེན་པོའི་གོ་སྟོན་དུ་ཕུལ་བ།
རྩོམ་ཡིག་འདི་ཐེངས། 112081 བཀླགས་འདུག
།
རྣམ་དཔྱོད་ཤེས་རབ་ལྷ་ལམ་ཡངས་པའི་ངོར།།
ལེགས་བཤད་ལུང་རིག་རྒྱས་པའི་ཚ་ཟེར་ཅན།།
སྨྲ་དབང་རྗེ་བཙུན་དམ་པའི་ཞབས་སེན་རྡུལ།།
སྤྱི་བོའི་གཙུག་ཏུ་མཆོད་དོ་དགེ་ལེགས་བསྩོལ།།
/
འདི་ན་དད་གསུམ་འདབ་ལྡན་འཁྲི་ཤིང་རྩེར།།
མཆོད་ཚིག་མེ་ཏོག་འབར་བའི་འཕྲེང་བ་འདི།།
དགུ་བཅུའི་ཚོགས་ཀྱི་ཞིང་སའི་དགྱེས་སྟོན་དུ།།
སོར་མོའི་འཕྲུལ་གྱིས་བསྐྲུན་ལ་སྤྲོ་བས་བྲེལ།།
/
ཁྱེད་ཀྱི་རྟོགས་བརྗོད་པད་མ་དཀར་པོའི་མཚོ།།
བདག་གི་བློ་ཡིས་གཞལ་བ་སྲིད་མཐའ་ཙམ།།
འོན་ཀྱང་བདག་ཅག་བློ་གྲོས་འདབ་ལྡན་རྩེར།།
བརྗིད་ཀྱིས་མཛེས་པའི་ཚོར་བ་མཚོན་ཙམ་དུ།།
/
སྐྱེས་པའི་འཕྲེང་བར་རིམ་གྱིས་བརྒལ་བའི་རྗེས།།
མཆོ༵ག་སྐྱི༵ད་ཅེས་པའི་གནས་སུ་དལ་རྟེན་བཞད།།
རྒྱལ་སྲས་གཞོན་ནུའི་སྒྱུ་འཕྲུལ་རོལ་བའི་མཚོར།།
ཤེས་རབ་ཆེན་པོའི་གཟི་རླབས་མཁའ་ལ་འབར།།
/
མུན་པས་གནམ་ས་བཏུམ་པའི་ཐུལ་འོག་ན།།
རིག་པའི་མེ་ལྕེ་འབར་བའི་སྙིང་སྟོབས་ཅན།།
ཁྱེད་མཚན་སྙན་པ་མཁའ་ནས་ལྡིར་བ་ཡིས།།
སྐྱེ་དགུ་མལ་ལས་དཀྲོག་པའི་རེ་བ་བཅིངས།།
/
བཀྲེས་དང་སྐོམ་པའི་བར་དོར་ལྷུང་ན་ཡང་།།
རྒྱང་དུ་འོད་ཀྱིས་འཚེར་བའི་ནམ་མཁའ་ཞིག།
ཁྱེད་ཐུགས་དབྱིངས་སུ་ཚེས་པ་ཇི་བཞིན་དུ།།
རེ་བས་བསྐྲུན་པའི་གཟིམ་ལམ་མངོན་དུ་གྱུར།།
/
ལེགས་བཤད་གཟི་ཡི་ཕྲེང་བའི་སྐྱེད་ཚལ་དུ།།
ལྷོད་ཀྱིས་འབར་བའི་རིག་ལམ་མེ་ཆར་གྱིས།།
ཟུར་གནས་དགྱེས་པའི་དྲོད་ཁོལ་སྙིང་ལ་སྦྱིན།།
ཁྱེད་མཚན་སྙན་པས་ས་ཆེན་སྒུལ་བར་བྱས།།
།
ཁྱད་པར་སྣང་སྟོན་ཆེན་པོའི་གནས་མཆོག་ཏུ།།
བཤད་སྒྲུབ་བསྟན་པའི་མེ་རོ་བསླངས་པ་དང་།།
ཕྱོགས་ཀྱི་བུ་སློབ་བརྒྱ་སྟོང་འཕེལ་བ་སོགས།།
ཁྱེད་ཀྱི་བཀའ་དྲིན་བདག་ཅག་བློ་ལ་གསལ།།
།
སྤོབས་པའི་རི་དབང་མཐོན་པོ་ཕྱག་གིས་བསྐྱོར།།
བརྩོན་པའི་དམ་བཅའ་བརྟན་པོ་ཡིད་ལ་བགོས།།
གཞུང་ལུགས་རྒྱ་མཚོའི་དཔལ་ལ་ཤེས་རབ་རྒྱས།།
བསྟན་པའི་གཟི་དཔལ་ཆེན་པོ་ཁྱེད་ཕྱག་འཚལ།།
།
སྐུ་མཆོག་གསེར་གྱི་ལྷུན་པོ་བརྟན་ཅིང་བརྗིད།།
གསུང་མཆོག་བོན་གྱི་སྒྲ་དབྱངས་རྣ་བར་ཐོས།།
ཐུགས་མཆོག་ནམ་མཁས་སྐྱེ་དགུ་ཀླུང་དུ་རུམ།།
བླ་མའི་སྐུ་གསུང་ཐུགས་གསུམ་རྟག་བརྟན་ཤོག།
།
དེ་རིང་དགུང་གྲངས་དགུ་བཅུའི་དགྱེས་སྟོན་དུ།།
བཀྲ་ཤིས་དབྱངས་སྙན་སྒྲོག་པའི་ཕྱྭ་གཡང་ཁྲོད།།
ཤིས་ཚིག་གླིང་བུར་བསྡེབས་པའི་སྙན་ཚིག་འདི།།
བལ་པོ་སྤྲིན་གྱི་མཁར་ནས་བདག་གིས་འབུལ།།
།
མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ལུང་རིག་སྨྲ་བའི་དབང་པོ་༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་དཔལ་བཟང་པོའམ་ཡོངས་གྲགས་སུ་ཨ་ཁུ་ནམ་མཁའ་ཚང་དགུང་གྲངས་དགུ་བཅུར་ཕེབས་པའི་དགྱེས་སྟོན་རྟེན་འབྲེལ་མཚོན་བྱེད་ཀྱི་ཤིས་ཚིག་འདི་བྱ་འཕུར་བླ་མའི་སྐྱེས་རབས་ཀྱི་འཕྲེང་བར་དལ་འབྱོར་དོན་ཡོད་ཀྱི་རྟེན་བཟང་རྙེད་པ་སྨན་རིའི་དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་ཕྱི་ལོ་༢༠༡༨ཟླ་༡༠ཚེས་༩ཉིན་བལ་ཡུལ་རྒྱལ་སའི་ཉེ་འདབས་ཎ་གྷར་ཀོ་ཏྲི་ཞེས་རི་བོའི་འཕྲེང་བས་ཕྱོགས་ཀུན་ནས་མཛེས་པར་སྐོར་ཞིང་ཁྱད་པར་དུ་བོད་གངས་ཅན་པའི་མཁའ་དབུགས་བསིལ་མོ་སྣ་བར་བཅུད་དུ་རོལ་བའི་གནས་འདིར་མགྱོགས་མྱུར་ངང་བྲིས་པའོ།།
བསམ་ཚུལ་ཕྲིས།