ཞང་ཞུང་རྒན་པོ། (ཀློང་ཆེན་པ་ནམ་མཁའི་ནོར་བུའི་མཛད་རྗེས་དྲན་པ།)
རྩོམ་ཡིག་འདི་ཐེངས། 62517 བཀླགས་འདུག
ངོ་བོ་གར་ཡང་བརྗོད་མེད་པ། །
རོལ་པ་སྣ་ཚོགས་གཉིས་བསྡུས་བོན། །
རོལ་རྩེད་ཅི་ཡང་སྣང་བ་ཡང་། །
ཡེ་ཤེས་སྣང་བ་དབྱིངས་སུ་ཐིམ། །
།
ཡེ་ནས་མ་བཅོས་མ་བྱས་པ། །
གནས་ལུགས་ཇི་བཞིན་ཉིད་ཀྱི་ངང། །
གཡོ་མེད་དམིགས་གཏད་བྲལ་བ་ཡི། །
ཐུགས་དམ་གནད་ཀྱི་ཀློང་དུ་གཟིམ། །
།
རིག་པ་བྱང་ཆུབ་སེམས་ཀློང་དུ། །
ཀུན་གཞིའི་ངོ་བོ་ཀ་ནས་དག །
ཐིག་ལེ་ཉག་མ་གཅིག་གི་ངོར། །
མ་འགག་ལྷུན་གྱིས་གྲུབ་པར་བྱས། །
།
གོལ་སྒྲིབ་མཚན་མའི་ཚོགས་རྣམས་ཀྱང་། །
རླབས་གཅོད་ལྟ་བས་ཁྲིགས་སེ་ཆོད། །
འོད་གསལ་སྣང་བཞིའི་ཉམས་ལེན་གྱི། །
སྣང་བའི་གོམས་ཚད་ཐོད་ཀྱིས་བརྒལ། །
།
དམིགས་བློ་གཞན་དུ་མ་འཕྲོ་བའི། །
རྣམ་རྟོག་མཚན་མ་ཞི་བར་གནས། །
སྒོམ་བྱའི་དོན་རྣམས་གསལ་བ་ཡི། །
གནས་ལུགས་སྒྲིབ་མེད་ལྷག་གིས་མཐོང་། །
།
ཏ་པི་ཧྲི་ཙའི་གདམས་དོན་གང་། །
སྣང་བཞེར་ལོད་པོའི་དགོངས་རྒྱའི་མཐིལ། །
དགའ་རབ་རྡོ་རྗེའི་བརྒྱུད་པའི་ཕྲེང་། །
ནམ་མཁའི་ནོར་བུའི་འོད་ཀྱིས་ཁྱབ། །
།
ཞང་ཞུང་བཀའ་རྒྱུད་སྐོར་བཞི་ལ། །
ཐུགས་དམ་གནད་ཀྱི་མཐིལ་དུ་བཟུང་། །
རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ལ། །
ཉམས་ལེན་ཆུ་བོའི་རྒྱུན་བཞིན་མཛད། །
།
བྱང་སེམས་གབ་པ་དགུ་སྐོར་སོགས། །
ཡེ་སྟོང་ངང་འཇོག་སེམས་ཀྱི་སྡེ། །
སྤྱི་རྒྱུད་ཡེ་ཁྲི་མཐའ་སེལ་རྒྱུད། །
ཀློང་སྡེ་མ་ལུས་བྱང་དུ་ཆུབ། །
།
རྩ་རླུང་ཐིག་ལེ་གནད་ཀྱི་མདོ། །
“འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར་”གྱི། །
“དགོངས་འགྲེལ་དྲི་མེད་ནོར་བུ་”ཞེས། །
བླ་མེད་ཀློང་ཆེན་མཐིལ་དུ་ཕྱིན། །
།
ཞང་བོད་ཡ་ཐོོག་ཤེས་རིག་ཁུངས། །
འཚོལ་ཞིབ་ཟབ་མོའི་རིག་ལམ་གྱིས། །
“གཡུང་དྲུང་ནོར་བུའི་དོ་ཤལ་”གཏམ། །
ཐོག་མར་སྤེལ་བའི་མཛད་རྗེས་ཟབ། །
།
ཡ་ཐོག་བོད་ཀྱི་ལོ་རྒྱུས་ཞེས། །
ཁུངས་བསྐྱེལ་བྱུང་ཁུངས་ངོས་བཟུང་པ། །
ཞང་བོད་གནའ་རབས་ལོ་རྒྱུས་གཞུང་། །
“ནོར་བུའི་མེ་ལོང་”ཀུན་ཏུ་གྲགས། །
།
ཞང་ཞུང་སྒོ་ཕུགས་བར་གསུམ་གྱི། །
ས་སྐྱེས་རྡོ་སྐྱེས་ཤེས་རིག་མཛོད། །
འཛམ་གླིང་ས་ཡི་གོ་ལའི་རྩེར། །
“གཟི་ཡི་ཕྲེང་བས་”བརྒྱན་འདི་རྨད། །
།
གནའ་བོའི་བོད་ཀྱི་སྲོལ་རྒྱུན་ཞེས། །
“བྱང་འབྲོག་ལམ་ཡིག་”ཞིབ་ཏུ་མཛད། །
སྲིད་པའི་སྨྲང་རབས་དོན་གྱི་གནད། །
“སྒྲུང་ལྡེའུ་བོན་གསུམ་”གཏམ་དུ་སྤེལ། །
།
འཚོ་བྱེད་སྨན་གྱི་རིག་གཞུང་ལ། །
“ལག་ལེན་དངུལ་གྱི་མེ་ལོང་”དང་། །
“བཀུ་མཉེའི་ཀུན་ཕན་འོད་ཟེར་”སོགས། །
གསོ་རིག་ཕྱག་ལེན་རྨད་དུ་བྱུང་། །
།
དུས་རིམ་གོང་འོག་བར་གསུམ་གྱི། །
ཞང་བོད་ལོ་རྒྱུས་ཞིབ་མོའི་གཞུང་། །
“ཏི་སེའི་འོད་”ཅེས་སྐད་གྲགས་ཅན། །
གངས་ཅན་བོད་པའི་རྒྱན་དུ་འཁུམས། །
།
འདི་ལྟར་རླབས་ཆེན་མཛད་རྗེས་ཅན། །
ཆོས་རྒྱལ་ནམ་མཁའི་ནོར་བུའི་སྐུ། །
ལྔ་ལྡན་ཆ་ལུགས་ཚུལ་འཆང་གིས། །
གཡོ་མེད་གཏན་དུ་བཞུགས་འདིས་སྐྱོ། །
།
ཁ་བ་རི་བའི་རིག་གཞུང་ལ། །
སྔར་མེད་ཁ་བསྐོང་མཛད་པ་ཅན། །
གསེར་གྱི་བྱ་རུས་བརྒྱན་པ་སོགས། །
བཀའ་དྲིན་སྙིང་ནས་དྲན་པར་བྱས། །
།
ལྷག་དོན་ཁོ་བོ་ཙམ་ལ་ཡང་། །
བསྟོད་པའི་སེམས་ཤུགས་བསྩལ་བ་སོགས། །
རྗེས་སུ་བཟུང་བའི་དྲིན་ལན་ཡང་། །
ནམ་ཡང་སེམས་ནས་འདོར་ཐབས་མེད། །
།
འདི་ལྟར་གདུང་སེམས་དང་བཅས་ཏེ། །
རིག་བྱེད་ངག་གི་མཆོད་པ་ཡང་། །
གསོ་བྱེད་སྨན་གྱི་རི་བོ་ལ། །
གྱེར་ནག་ཚང་གིས་འཕྲལ་དུ་སྦྱར། །
།
།
ཞེས་བོད་རིག་པའི་མཁས་ཆེན་ཞང་ཞུང་རྒན་པོ་ཀློང་ཆེན་པ་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་དགོངས་པ་གཞི་དབྱིངས་སུ་གཟིགས་པར་ཡིད་སྐྱོ་བའི་མྱ་ངན་དང་བཅས་ཏེ་སྨན་རིའི་དགེ་བཤེས་ཀྱི་མིང་ཙམ་འཛིན་པ་གྱེར་ནག་ཚང་ཁྲི་གཡུང་དྲུང་དུ་འབོད་པ་དེས་སྦྱར་བ་དགེ་གྱུར་ཅིག །༢༧།༠༩།༢༠༡༨
བསམ་ཚུལ་ཕྲིས།