ཤིས་བརྗོད་བརྒྱ་སྟོན་བསུ་བའི་དུང་བརྡ།

རྩོམ་ཡིག་འདི་ཐེངས། 1472 བཀླགས་འདུག

IMG_1190

སྲིད་པའི་གངས་རྒྱལ་ཏི་སེའི་འདབས་རོལ་ན།།

ཡ་ཐོག་ཞང་ཞུང་ཝེར་རོའི་མངའ་རིས་སུ།།

རྨད་བྱུང་མཁའ་འགྱིང་གཉན་གྱིས་བྱིན་རླབས་སྲས།།

གདུང་རྒྱུད་ཤེལ་དཀར་འཕྲེང་བ་རིམ་གྱིས་གྲོལ།།

རེ་ཞིག་ཞང་ཞུང་རྒྱལ་པོའི་དབང་རླུང་གུད།།

ཐུ་བྷོད་བཙན་པོས་གཡོ་རྒྱུའི་ལས་ལ་སྦྱོར།།

སྟོང་སྡེས་ཁྲི་སྡེ་བརླགས་པའི་དུས་ཙམ་ན།།

སྟོང་རྒྱུང་རིང་མོས་ཞང་ཞུང་རྒྱལ་སྲིད་བསྐྱངས།།

འབངས་གྱིས་མ་རློམ་མདོ་སྨད་ཡུལ་དུ་བྱོལ།།

ཞབས་ཀྱི་འདེགས་འཇོག་ཤུལ་ནས་པད་མོ་འཁྲུངས།།

དེར་བརྟགས་དམག་གིས་དེད་པས་ཐུགས་ལ་མཁྱེན།།

རྨ་ཀླུང་དལ་འགྲོར་རྫུ་འཕྲུལ་རྩལ་གྱིས་བསྐྱོད།།

རྨ་རྒྱལ་ཤར་གྱི་གནས་མདུན་གང་དེ་ན།།

སྒྲུབ་པའི་གྲོགས་བརྟེན་གཉན་གྱི་རིགས་རྒྱུད་སྤེལ།།

རིམ་གྱིས་རྨ་ཤོད་གཡང་གི་ར་བ་ཞེས།།

མདོ་སྨད་རྔ་གཡང་ཕྱུག་མོའི་པང་བ་རུ།།

རིགས་སྲས་བློ་གྲོས་བཟང་པོའི་རྒྱལ་མཚན་གྱིས།།

ཞུ་སྒོམ་ཆེན་པོའི་ཐུགས་བཅུད་རོལ་བའི་མུར།།

རྟོག་འཛིན་འཁྲུལ་བའི་མཚན་མ་དབྱིངས་སུ་ཞིག།

མདོ་སྨད་སྣང་ཞིག་ཆེན་པོའི་བླ་དྭགས་འཆང་།།

དེ་སྲས་སྣང་ཞིག་སྟོན་འཕགས་ཆེན་པོ་ཡིས།།

བང་བཙན་བསེ་ཁྲབ་གཉེན་པོའི་ལྷ་ཞོལ་དུ།།

བཤད་སྒྲུབ་བསྟན་པ་འབྱུང་བའི་ཚོགས་ཞིང་དེར།།

གྱེར་བསྟན་སྲིད་པའི་ཀ་ཆེན་རྨང་ནས་བསླངས།།

དེ་ཚེ་མདོ་ཁམས་ས་ཡི་ལྟོ་བ་རུ།།

མཚན་སྙན་དཀར་པོའི་བ་དན་མཐོ་རུ་བཏེགས།།

རིགས་རྒྱུད་བྱིན་རླབས་གསེར་རིའི་འཕྲེང་བ་ལྟར།།

བདག་གཞན་དོན་གཉིས་སྒྲུབ་ལ་དགྱེས་ཤིང་བྲེལ།།

ཁྱད་འཕགས་སྣང་སྟོན་མུ་ལ་མ་ཏི་མཚན།།

དོན་གྱིས་སྨྲོས་ན་ནམ་མཁའ་བློ་གྲོས་ཞེས།།

འགྲན་བྲལ་མཉམ་མེད་བླ་མའི་རྣམ་རོལ་བ།།

མདོ་སྨད་སྣང་ཞིག་ཆེན་པོའི་གདུང་ལས་འཁྲུངས།།

སྡེ་གསུམ་གཞུང་བརྒྱའི་ཟབ་གནད་ཐུགས་སུ་ཆུད།།

རྣམ་དག་འདུལ་ཁྲིམས་གཙང་མའི་བསླབ་པ་བཙུན།།

རིང་ལུགས་འཁྲུལ་མེད་མཉམ་མེད་བླ་མའི་སྲོལ།།

འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྨད་དུ་བྱུང་།།

དེ་ཚེ་གདན་ས་རབ་ལེགས་གཡུང་གླིང་གི།

དཔོན་སློབ་སྨྲ་དབང་ཤེས་རབ་གྲགས་པ་ཞེས།།

མཁས་བཙུན་བཟང་གསུམ་མངའ་བའི་བཤེས་གཉེན་དེ།།

དགོན་འདིར་སྤྱན་དྲངས་འཆད་ཉན་དབུ་ཡང་བརྙེས།།

དམ་པ་ཟུང་གིས་ཐུགས་བསྐྱེད་སྨོན་ལམ་མཐུས།།

བཤད་སྒྲུབ་དབྱར་རྔ་སྒྲོག་པའི་གཤེན་སྡེ་འདི།།

བགྲང་བྱ་བརྒྱ་ཕྲག་འཁོར་བའི་དེང་གི་ཆར།།

བཤེས་གཉེན་བརྒྱ་ཕྲག་དུ་མའི་མ་མར་གྱུར།།

ཕྱོགས་བཞིའི་སློབ་ཚོགས་དལ་འགྲོ་རིང་མོའི་རྒྱུན།།

མ་ཡུམ་སློབ་གླིང་དལ་འབབ་མཛོད་དུ་བལྟམས།།

ལྔ་རིག་ནོར་བུའི་གཏེར་དུ་གྱུར་བས་མོད།།

ལྷོ་གླིང་འཛིན་མའི་ཁྱོན་དུ་གྲགས་པ་འབར།།

འཆད་པས་སྐལ་ལྡན་བློ་ཡི་པད་མོ་བཞད།།

རྩོད་པས་ཕས་རྒོལ་གཡུལ་ལས་རྣམ་པར་རྒྱལ།།

རྩོམ་པས་བཀའ་ལུང་ཚད་མའི་དཀའ་གནད་བཀྲལ།།

མཁས་པའི་བྱ་བ་གསུམ་ལ་གྲུབ་པ་འབྱོངས།།

རིགས་དང་རུས་ཀྱི་ཁྱད་པར་མི་གཙོ་ཞིང་།།

ཡུལ་དང་ལུང་པའི་འཐེན་འཁྱེར་དེ་བས་དབེན།།

དཀར་ནག་རིགས་ཀྱི་སྤུ་རིས་མེད་པའི་ཕྱིར།།

དད་ལྡན་བསོད་ནམས་བསགས་པའི་ཞིང་དུ་གྱུར།།

ཕྲག་དོག་ཅན་ལ་ཟུག་རྔུའི་སྣང་བ་སྟེར།།

ལྷག་བསམ་ཅན་ལ་སྤོབས་པའི་ང་རོ་བསྐྱེད།།

རྒྱལ་བསྟན་རིན་ཆེན་གསལ་བའི་སྒྲོན་མེ་སྤར།།

མ་ཡུམ་བཤད་སྒྲུབ་སློབ་གླིང་ཨེ་མ་རྨད།།

གོང་ན་སྐྱབས་མགོན་བླ་མའི་ཐུགས་བསྐྱེད་ཟབ།།

བར་དུ་ནང་ཆེན་དྲུག་གི་མཐུ་དཔུང་བརྟན།།

འོག་ཏུ་ལྷ་སྡེ་དམངས་ཀྱི་ལྷག་བསམ་གཙང་།།

མ་ཡུམ་སློབ་གླིང་སྲིད་མཐར་གནས་པའི་རྟགས།།

འཁྲུལ་སྣང་དབྱིངས་སུ་ཞིག་པའི་གདན་ས་འདིར།།

མཉམ་མེད་བླ་མའི་རིང་ལུགས་གཙང་མའི་སྲོལ།།

འཛིན་ལ་མི་ངལ་བཤད་སྒྲུབ་སེམས་དཔའི་སྡེ།།

ནམ་ཡང་མི་ནུབ་རིང་དུ་འབར་གྱུར་ཅིག

      ཞེས་སྨན་རིའི་བཤད་སྒྲུབ་རྒན་གྱི་མིང་ཙམ་འཛིན་པ་སྣང་རྒྱལ་ཤེས་རབ་བསམ་འཕེལ་དུ་འབོད་པས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་དུ་མཚན་ཉིད་འཆད་ཉན་གྱི་སྡེ་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་ཧྲིལ་བོར་འཁོར་བའི་དུས་སྟོན་ལ་ལྷག་བསམ་གཙང་མའི་མཆོད་པ་ཞིག་གི་ཚུལ་དུ༼ཤིས་བརྗོད་བརྒྱ་སྟོན་བསུ་བའི་དུང་བརྡ་༽ཞེས་པའི་རྩོམ་ཐུང་འདི་དགའ་སྤྲོ་དང་ལྷན་ཕྱི་ལོ ༢༠༡༨་ཟླ་༩་ ཚེས་༡༧་ཉིན་རང་ཤག་ནས་ཕུལ།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *