གླུ་མ་ཞིག་གིས་བདག་གི་ཚོར་བ་བྲུས་པ།
ཨོཾ་གཞས་ལེན་མ་རིག་འཛིན་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་གླུ་མ་བོད་ཁམས་གྲགས་མ། ། ངག་ནི་སྐད་ཅིག་ཁུ་བྱུག་འདྲ་མ། ། ཆོལ་ཁ་གསུམ་བསྐོར་ངག་གིས་འགུག་པས། ། ཉན་པ་བྱེ་བ་ལས་ནི་བྱུང་མ། །
ཨོཾ་གཞས་ལེན་མ་རིག་འཛིན་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་གླུ་མ་བོད་ཁམས་གྲགས་མ། ། ངག་ནི་སྐད་ཅིག་ཁུ་བྱུག་འདྲ་མ། ། ཆོལ་ཁ་གསུམ་བསྐོར་ངག་གིས་འགུག་པས། ། ཉན་པ་བྱེ་བ་ལས་ནི་བྱུང་མ། །
ཀ་དག་ལྷུན་གྲུབ་གཉུག་མ་རང་གསལ་སྐུ།། རང་བཞིན་གནས་སྐབས་བརྟན་གཡོའི་བཀོད་པ་རྫོགས།། གཞི་མེད་སྟོང་གཟུགས་འཕྲིན་ལས་རྒྱ་མཚོའི་མཛོད།། བསྟན་འཛིན་དབང་རྒྱལ་ཞབས་ལ་གསོལ་བ་འདེབས།།
བོན་ནི་དུང་ཤོག་དཀར་པོའི་གངས་ཧྲག་སྟེ། ། བོན་ནི་གཡུ་རིས་སྔོན་པོའི་བྲག་གཡམ་སྟེ། ། དམུ་རྒྱུད་ཐིམ་པ་སྐས་ཀྱི་གཡུང་དྲུང་ཁར། ། ཕྱྭ་བཟའ་ངང་འབྲང་མ་ཡི་ཁྱུང་རུ་གདངས། །
སྐྲ་ལོ་ནག་ནག་འཁྱུགས་པའི་གཤམ་འོག་ན།། ཞལ་རས་དཀར་དམར་འཛུམ་པའི་འོད་སྣང་ཞིག། མི་སེམས་དྲོད་ཁོལ་སྟེར་བའི་བྱམས་བདག་མ།། མི་ཡུལ་འདི་ནས་བསྟོད་ན་ཅི་མི་འོས།།
སེམས་ཀྱི་གཞུང་ལ་མུན་པའི་སྨག་རིམ་འཐིམས།། དྲན་པའི་སྣང་བ་རྡུལ་གྱིས་མོག་མོག་བསྒྲིབས།། དབེན་ཐང་རུ་སིལ་སྐྱ་བོའི་ཁོར་ཡུག་ནས།། སོས་དལ་བག་ཡོད་དལ་ཅིག་གནས་པར་སྐྱོ།། ། གཉུག་མའི་གཤིས་ལ་ལྕགས་ཀྱི་གཉའ་ཤིང་གོན།། རང་དབང་སྨྲ་བརྗོད་ཁྲིམས་ཀྱི་ལྕགས་ཟྭ་བརྒྱབ།། ཀ་ཁའི་ང་རོ་ཉམ་པའི་ཤར་གླིང་ནས།། རེ་ཐག་ཆད་པའི་མིག་ཆུ་སེམས་སུ་བཞུར།། ། མེས་པའི་གདོང་ལ་ར་རི་དྲི་མས་གཡོགས།། ཟུངས་ཁྲག་དྲོད་མོའི་མདངས་ཀྱི་ཁ་དོག་ཉམ།། རིགས་ཀྱི་རུས་རྐང་ཆད་པའི་གྲོང་རྡལ་ནས།། ཀྱེ་ཧུད་བེམ་གཟུགས་འཚོ་བ་ཨ་ཧོ་དཀའ།། ། ཀྱེ་མ་མུན་ནག་སྟུག་པའི་ནགས་ཀློང་ནས།། བདག་མེད་རྣམ་ཤེས་ཁྱུ་གཅིག་གར་སར་འཁྱམས།། སྐྱབས་དང་མགོན་པོ་མེད་པའི་གླིང་འདི་ནས།། མགོ་བོ་གྱེན་དུ་འགྲེང་ནས་འཚོ་བར་སྨོན།། ། །