བོན་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས། 554 བཀླགས་འདུག
བོན་ནི་དུང་ཤོག་དཀར་པོའི་གངས་ཧྲག་སྟེ། །
བོན་ནི་གཡུ་རིས་སྔོན་པོའི་བྲག་གཡམ་སྟེ། །
དམུ་རྒྱུད་ཐིམ་པ་སྐས་ཀྱི་གཡུང་དྲུང་ཁར། །
ཕྱྭ་བཟའ་ངང་འབྲང་མ་ཡི་ཁྱུང་རུ་གདངས། །
གོང་དྲུག་ལྷ་རྩེ་སྲིད་པའི་བོན་སྐད་ཡིན། །
ཆང་འགག་སྦང་མ་གཤེན་གྱི་བརྡ་ཆད་ཡིན། །
རག་ཤ་སྲིན་པོའི་རིགས་ཀྱི་མགོ་ཐོག་ཏུ། །
གཏོ་རྒྱལ་བོན་གྱི་སྒོ་མོ་རྔམས་ཀྱིས་ཕྱེ། །
མགོན་བཙུན་ཕྱྭ་ཡི་ཡུལ་དུ་བེའུ་ཙེ་ཡོད། །
ཤིང་གི་གཞའ་ཚོན་འོད་འབར་ཅི་ལ་མེད། །
འོལ་མོའི་གསས་མཁར་ནང་ན་བོན་སྒོ་ཡོད། །
འཕྲུལ་གྱི་རྒྱལ་རྟགས་ཡི་གེ་ག་ལ་མེད། །
སྤུ་ལོ་རྔུལ་ཤོད་ཅེས་པ་བོན་ལས་བྱུང༌། །
བརྒྱ་ཤོང་ཁ་སྤྲོད་ཅེས་ཀྱང་བོན་ལ་གྲགས། །
ཕེ་ཤ་ཨེ་མའི་བོན་དྲི་ཐུལ་པ་ཡི། །
རྨང་པོའི་ངེས་ཚིག་གཟི་རྡོ་ཁྲ་བོ་འདྲ། །
སོག་ཀའི་འཇིག་རྟེན་ལྟ་བུའི་བོན་སྒོ་ལ། །
ཆབ་ཀྱི་གྲམ་པ་ཙམ་གྱི་བག་ཆགས་འཇོག །
འཁོར་བ་སྒྱིད་ལུག་ཡིན་པས་ད་དུང་བཤུམས། །
དྭངས་ཀྱི་ཐུན་སྐྱོགས་འཕེན་པ་རན་ཙམ་གྱིས། །
རྨ་བྱའི་ལྡེམ་རྒྱངས་ཅན་གྱི་བོན་སྒོ་ལ། །
སེམས་ཉིད་གཡུང་དྲུང་གློད་དེ་འཕྲུལ་ངག་སྨྲ། །
རྒོད་ཀྱི་འཕར་འདབ་ཅན་གྱི་བོན་སྒོ་ལ། །
སྣང་བ་གཡུང་དྲུང་བསྒྲིལ་ཏེ་གཤེན་སྐད་རྒྱག །
ཁྲོ་ལོ་གནམ་གྲགས་བསྐལ་པའི་མཐོ་བཅད་དང༌། །
འཕར་བོ་འཕར་ཆུང་འཁོར་བའི་ཟུར་བསྙལ་ཏེ། །
གསེར་གྱི་སྦ་ཤད་ཡིན་པའི་བོན་སྒོ་ལ། །
དངུལ་གྱི་གཟར་བུ་དེ་ཡང་ཆེད་དུ་བྱ། །
དུང་གི་སོ་འཁོར་སྟོན་དང་ཕ་ཆོས་ལགས། །
ཡི་གེ་ཨ་དཀར་སྤྲོས་དང་མ་ཆོས་ལགས། །
ཀོང་ཡུལ་བྲེ་སྣའི་ཕྱོགས་སུ་ང་རང་ཡོད། །
ལང་ལིང་གྲོང་ཁྱེར་ཕྱོགས་སུ་ཁོ་ཡང་ཡོད། །
ང་ནི་ཁྱོད་ཀྱི་དཔྱད་བུ་ཁྲི་ཤེས་ཡིན། །
ང་ནི་ཁྱོད་ཀྱི་སངས་པོ་འབུམ་ཁྲི་ཡིན། །
གནམ་གྱི་ལྷུམས་རྩེར་གཤེགས་པའི་སྐྱིལ་ཀྲུང་དེ། །
རང་གི་གྱང་ལྡེབས་ངོས་ལ་ཕྱེད་ཙམ་འབྲི། །
གཏོ་འདི་གཤེན་གྱི་སྦུབས་སུ་བརྫིས་པ་དང༌། །
གླུད་འདི་སྲིད་པའི་བུག་ཏུ་བཅོས་པ་དང༌། །
རྔ་འདི་བོན་གྱི་ཁོག་ནས་བརྡུངས་པ་སྟེ། །
ཆོད་དང་ལམ་ཕྱོད་ཨེ་འདུག་གཞན་གྱིས་ཤོད། །
བསམ་ཚུལ་ཕྲིས།