སྙིང་ནོར་མ།
རྩོམ་ཡིག་འདི་ཐེངས། 298 བཀླགས་འདུག
སྐྲ་ལོ་ནག་ནག་འཁྱུགས་པའི་གཤམ་འོག་ན།།
ཞལ་རས་དཀར་དམར་འཛུམ་པའི་འོད་སྣང་ཞིག།
མི་སེམས་དྲོད་ཁོལ་སྟེར་བའི་བྱམས་བདག་མ།།
མི་ཡུལ་འདི་ནས་བསྟོད་ན་ཅི་མི་འོས།།
/
གསང་བའི་སྙིང་ཁམས་ཕྱུག་པའི་ན་གཞོན་མ།།
སྙིང་ནད་སྟོང་ཕྲག་སེལ་བའི་སྨན་ཆུང་མ།།
འཇམ་ཤ་ཕྱི་ཐག་རིང་བའི་ཁྱིམ་བདག་མ།།
ཁྱེད་ནི་ཀུན་ལ་མཁོ་བའི་སྙིང་གི་ནོར།།
/
མཐོན་པོའི་བཙན་རྒྱུད་བསྩལ་བའི་གཏེར་བདག་མ།།
འཇིག་རྟེན་བོད་ཀྱི་ནོར་གླིང་བརྒྱན་པའི་མཆོག།
མིད་ན་མིད་པ་བཤུ་བ་སུ་ཡིས་འདོད།།
དྭངས་གསལ་ཤེལ་སྒོང་ལྟ་བུའི་ཁྱུང་ནོར་མ།།
/
ལྡེམ་ལྡེམ་སྐྱེ་གཟུགས་མདའ་མོའི་དབྱར་ཞིང་ལ།།
ས་བོན་འབྲུ་དྲུག་སྨིན་པའི་དྲོད་གཤེར་འཛོམས།།
ལས་འཕྲོས་སྔོན་ནས་བཏབས་པའི་མེ་ཏོག་དེ།།
དབང་པོ་གསོ་བའི་སྨན་མཆོག་རྣམ་པར་རྒྱལ།།
/
ཟུར་གྱིས་འཕང་བའི་གཟུགས་འཛིན་མདའ་མོ་དེས།།
དགུན་གྱི་མཚན་ལ་ཁྲིད་པའི་ཚོར་སྣང་བརྒྱ།།
ངག་འཇམ་དཔྱིད་ཀྱི་ཁུ་བྱུག་མགྲིན་སྙན་དེས།།
དབྱར་གྱི་གཞུང་ལ་དྲངས་པ་ང་གཅིག་མིན།།
/
དུང་སོ་ཚར་དུ་དངར་བའི་འདབ་འོག་ན།།
མ་བཅོས་གཤིས་རྒྱུད་དྲང་བའི་ཁྱད་ནོར་སྟོང་།།
དགྱེས་འཛུམ་ལྷོད་པོ་དོད་པའི་ཞལ་སྒོ་ན།།
གཞན་གྱི་ཡིད་སེམས་འཐུ་བའི་སྙན་ཚིག་འབུམ།།
/
བསམ་ཚུལ་ཕྲིས།