དྲན་གདུང་གིས་སློང་བའི་གསོལ་འདེབས།།
རྩོམ་ཡིག་འདི་ཐེངས། 504 བཀླགས་འདུག
ཀ་དག་ལྷུན་གྲུབ་གཉུག་མ་རང་གསལ་སྐུ།།
རང་བཞིན་གནས་སྐབས་བརྟན་གཡོའི་བཀོད་པ་རྫོགས།།
གཞི་མེད་སྟོང་གཟུགས་འཕྲིན་ལས་རྒྱ་མཚོའི་མཛོད།།
བསྟན་འཛིན་དབང་རྒྱལ་ཞབས་ལ་གསོལ་བ་འདེབས།།
རྒྱལ་བའི་བསྟན་པ་འཕྲུལ་ངག་རིན་པོ་ཆེ།།
འཛིན་སྐྱོང་སྤེལ་ལ་བསྔགས་པའི་འཕྲིན་ལས་བཞིར།།
དབང་དུ་བསྒྱུར་བའི་རྗེ་བཙུན་རིན་པོ་ཆེ།།
བསྟན་འཛིན་དབང་གི་རྒྱལ་པོར་གསོལ་བ་འདེབས།།
སྔོན་བསགས་ལས་གྱི་ཞིང་ས་གཤིན་པོ་རུ།།
བསམ་སྦྱོར་དག་པའི་ས་བོན་བསྐྲུན་མཛད་རྗེ།།
བསླབ་གསུམ་མཛོད་འཛིན་རྒྱ་འོབས་ཁྱུང་མོའི་སྐུར།།
ཡིད་གཅིག་དད་པས་གུས་ཕྱག་ལན་བརྒྱ་འབུལ།།
ཕྱི་ཡི་སྤྱོད་ལམ་ནང་གི་དམ་ཚིག་དང་།།
གསང་བའི་གདམས་ངག་ཟབ་མོའི་དབང་ལུང་སོགས།།
སེམས་དཔའ་འདུས་སྡེའི་ཕྱི་ནང་གསང་བ་ཀུན།།
ཁྱེད་ཀྱི་ཐུགས་དབྱིངས་དག་པའི་གཞི་ལས་འཁྲུངས།།
འདུ་ཁང་གསར་རྙིང་མཆོད་རྟེན་ཆེ་ཆུང་དང་།།
བཤད་པ་འཆད་ཉན་སྒོམ་སྒྲུབ་ཉམས་ལེན་སྡེ།།
དགོན་འདིའི་ཕྱི་ནང་གསང་གསུམ་ཡོད་དོ་ཅོག།
ཐམས་ཅད་ཁྱེད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང་།།
ཁམས་གསུམ་ཞིང་གི་རིན་ཆེན་མཁར་བརྩིག་ཡང་།།
སྐྱབས་གནས་མཆོག་གྱུར་དཔོན་གསས་བླ་མ་རྗེ།།
ཁྱེད་ཀྱི་བཀའ་དྲིན་རྩྭ་རྩེའི་ཟིལ་བ་ཙམ།།
འཇལ་བའི་རེ་ཐབས་ནམ་ཡང་ཡོད་མིན་ཀྱང་།།
གསང་གསུམ་བོན་སྒོ་ཟབ་མོའི་ཀློང་དབྱིངས་སུ།།
འཇོག་བཤིག་སྐྱོང་གསུམ་ལྷག་པའི་ཉམས་ལེན་སོགས།།
རང་དབང་མངོན་དུ་འབྱོར་བའི་བཀའ་དྲིན་ཅན།།
ཉམ་ཐག་བུ་ལ་བརྩེ་བས་ཉེར་གཟིགས་མཛོད།།
ཁྱེད་ཉིད་ཞིང་གཞན་ཕེབས་པའི་ཉིན་མོ་དེ།།
བདག་སོགས་ལྷ་སྡེ་མི་སྡེའི་དད་ལྡན་རྣམས།།
གདུང་བའི་ངུ་འབོད་བྱིའུ་ཚོགས་དཀྲོགས་དང་མཚུངས།།
དད་པའི་མིག་ཆུ་དབྱར་ཁའི་ཆར་ལྟར་འབབས།།
ཡིན་ཀྱང་ལོས་དགོས་དགོན་གྲོང་ཟུང་གཅིག་གི།
མངར་སྐྱུར་འདྲེས་མའི་སྐྱིད་སྡུག་འཚོ་བ་རྣམས།།
དུས་བཞི་དབྱེར་མེད་ཉིན་མཚན་ཁྱད་མེད་དུ།།
ཐུགས་བསྐྱེད་ཟབ་མོའི་བརྩེ་བས་བར་མེད་བསྐྱངས།།
གཤོག་ཆད་བྱ་བཞིན་ལུས་པའི་སློབ་བུའི་ཚོགས།།
ཁྱེད་ཀྱི་གསུང་གི་བཀའ་ཆབ་དྲོན་མོ་དེ།།
དྲན་ཐེངས་རེ་དང་སྐྱབས་འཇུག་རེ་སྒྲིལ་ནས།།
མི་ལོ་གཅིག་གི་འདུ་བྱེད་འཁོར་ལ་ཉེ།།
ཨེ་མ་རྗེ་བཙུན་བླ་མ་ཐུགས་རྗེའི་གཏེར།།
བདག་ཅག་བུ་ལ་བྱམས་དང་སྙིང་རྗེ་ཡིས།།
སྔར་ནས་སྐྱོངས་བའི་དྲིན་ལ་གཞལ་མེད་ཀྱང་།།
ད་དུང་ཐུགས་ཀྱི་དགོངས་པས་བསྐྱོང་བར་ཤོག།
ཞིང་ཁམས་གཞན་གྱི་འགྲོ་དོན་ལྷག་ཆེ་ན།།
ཞུ་བའི་སྤོབས་པ་སེམས་ལ་བདོག་གྱུར་ཡང་།།
ངག་གི་བྱ་བྱེད་མགྲིན་ལས་མི་ཐོན་ཕྱིར།།
ཁྱེད་ཀྱི་བྱིན་རླབས་སེམས་ལ་འཇུག་པར་སྨོན།།
གནས་འདིར་དྭ་བུར་ལུས་པའི་ཉམ་ཐག་གི།
སློབ་ཚོགས་བརྒྱ་ཕྲག་མང་པོའི་ཡིད་སེམས་དཀྱིལ།།
གསེར་ཞལ་མྱུར་མཇལ་ཡོང་བའི་རེ་སྒུག་ལ།།
བྱམས་བརྩེས་གཟིགས་པ་སྔར་བཞིན་གནང་བར་མཁྱེན།།
ལས་དང་སྨོན་ལམ་ཚོགས་ཀྱི་མཐུ་སྟོབས་དང་།།
ཕྱག་འཚལ་གསོལ་བ་བཏབ་པའི་དགེ་བའི་འབྲས།།
ཡང་སྤྲུལ་ཉི་མ་གཞོན་ནུའི་སྐུ་མཆོག་གི།
མཚན་དཔེའི་དཀྱིལ་འཁོར་མྱུར་དུ་བཞེད་པར་ཤོག།
བསམ་ཚུལ་ཕྲིས།