གླུ་མ་ཞིག་གིས་བདག་གི་ཚོར་བ་བྲུས་པ།
རྩོམ་ཡིག་འདི་ཐེངས། 419 བཀླགས་འདུག
ཨོཾ་གཞས་ལེན་མ་རིག་འཛིན་སྒྲོལ་མ་ལ་ཕྱག་འཚལ་ལོ། །
ཕྱག་འཚལ་གླུ་མ་བོད་ཁམས་གྲགས་མ། །
ངག་ནི་སྐད་ཅིག་ཁུ་བྱུག་འདྲ་མ། །
ཆོལ་ཁ་གསུམ་བསྐོར་ངག་གིས་འགུག་པས། །
ཉན་པ་བྱེ་བ་ལས་ནི་བྱུང་མ། །
ཕྱག་ཐོགས་སྐད་སྦུག་ཉིན་མཚན་ཀུན་ཏུ། །
བྲེལ་བ་ཆེ་ནི་བོད་ཁམས་བསྐྱོད་མ། །
སེར་སྐྱ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
རབ་ཏུ་འཕྲོག་པའི་ཡིད་སེམས་རྐུན་མ། །
ཟླ་གཞོན་གདོང་གི་འོད་རླབས་འཛུམ་གྱིས། །
གཞན་སེམས་མཐུན་པ་རྣམ་ཀུན་ཡོད་མ། །
སྦྱིན་པ་བརྩོན་འགྲུས་སེམས་ངལ་ཞི་བ། །
བཟོད་པ་བསམ་གཏན་ཕ་ཡུལ་སྤྱོད་མ། །
ཕྱག་འཚལ་གཞན་སེམས་འཆང་བའི་སྒོ་མོ། །
རྣམ་པར་ཕྱེ་བའི་གནས་ཚུལ་ཡོད་མ། །
མ་ལུས་ཕ་རོལ་དགའ་བ་ཐོབ་པའི། །
ལྟད་མོ་བ་ཡིས་ཤིན་ཏུ་བསྟེན་མ། །
ཕྱག་འཚལ་སྟེགས་བུ་སྟེང་གི་མིང་ཡིག །
མིང་དང་སྙན་གྲགས་ཕྱོགས་བཅུར་གང་མ། །
ས་སྟེང་སྐད་ངག་ཐམས་ཅད་མནན་ཏེ། །
ཕོ་མོ་མེད་པར་འགུག་པར་ནུས་མ། །
ཕྱག་འཚལ་དབྱངས་ཅན་ངག་གི་སྲས་མོ། །
ཚངས་པའི་དབྱངས་ནི་མགྲིན་པར་བཏེགས་མ། །
རོང་འབྲོག་ཕོ་མོ་རྒན་གཞོན་རྣམས་དང་། །
ཤེས་ཡོན་སོགས་ཀྱིས་དགའ་བས་བསྟོད་མ། །
ཕྱག་འཚལ་གླུ་ཡིས་ཡོངས་སུ་བཟི་བས། །
ཕ་རོལ་རྣམ་ཤེས་གམ་དུ་འཁོར་མ། །
གཡས་སྐུམ་གཡོན་བརྐྱང་ཕྱག་རྒྱའི་ཉམས་ཏེ། །
ཁྱད་ཆོས་ཚང་བའི་དཔའ་རིས་འབར་མ། །
ཕྱག་འཚལ་ཏུ་རེ་ཡུལ་བའི་གཉེན་པོ། །
མ་རིག་རྨོངས་པ་རྣམ་པར་སེལ་མ། །
མཆུ་དམར་ལས་ནི་ཕན་ཚིག་ལྷུང་མཛད། །
བྱིས་པ་ཐམས་ཅད་མ་ལུས་སྐྱོབས་མ། །
ཕྱག་འཚལ་དཀོན་མཆོག་གསུམ་མཚོན་དད་པའི། །
སོར་མོའི་འདུ་བྱེད་རྨ་བྱའི་གར་མ། །
མ་ལུས་ཕྱོགས་བཅུར་ཚུལ་མཐུན་བསྟེན་པའི། །
རང་གི་འཁོར་གྱི་ཚོགས་རྣམས་རེ་མ། །
ཕྱག་འཚལ་རབ་ཏུ་སེམས་ཁམས་སྐྱིད་པའི། །
དབུ་རྒྱན་ཕྲེང་སོགས་སྲོལ་བཟང་སྤེལ་མ། །
བཞད་པ་རབ་བཞད་བྱིས་པར་སྟེར་མས། །
དཔའ་རིས་ལུང་བར་དབང་དུ་མཛད་མ། །
ཕྱག་འཚལ་ཕ་ཡུལ་དུས་ཀུན་ཡིད་ཀྱི། །
ཚོར་བས་མྱོང་ཞིང་ལག་ལེན་འདེབས་མ། །
རང་མོས་འབད་པའི་སྐད་དང་ཡི་གེས། །
ཕོངས་པ་ཐམས་ཅད་བློ་རིག་འདག་མ། །
ཕྱག་འཚལ་ཕྲ་ལ་ཚིག་དྲུག་གཟུགས་རྒྱན། །
བརྒྱན་པ་ཐམས་ཅད་དོན་དང་ལྡན་མ། །
སྐྲ་ལོ་ཁྲོད་ནས་གངས་རིའི་ཞིང་ཁམས། །
རྟག་པར་ཡུལ་གྱི་ཁྱད་ཆོས་བསྟུན་མ། །
ཕྱག་འཚལ་ཚེ་ཡི་མཐའ་མར་མེ་ལྟར། །
འབར་བའི་ཁྲོད་ན་ཕ་ཡུལ་དཔའ་རིས། །
གཡས་བརྐྱང་གཡོན་སྐུམ་མིན་པར་འགྱུར་མ། །
མགོ་བོ་འཐོམ་པའི་ལས་ཀུན་འགེམས་མ། །
ཕྱག་འཚལ་ས་གཞིའི་ངོས་ལ་ཁེབས་པའི། །
ངག་གིས་སྐྱོར་ཞིང་ལག་གིས་བསྟེན་མ། །
སྨིན་མ་བསྐྱོད་མཛད་རླུང་ཁུར་མིན་ཏེ། །
ལུས་ཀྱི་སྟང་སྟབས་ཉ་མོ་འཁྱུག་མ། །
ཕྱག་འཚལ་དགའ་མ་དུང་མ་སྐྱིད་མ། །
རང་དོན་གཞན་གཙོ་བྱ་བར་ཞུགས་མ། །
རྣམ་དག་བོད་གཞས་མང་བོ་ལེན་པས། །
སྡིག་པ་ཆེན་པོར་ཡུན་རིང་འདོར་མ། །
ཕྱག་འཚལ་ཀུན་ནས་མཆོག་གསུམ་བཀུར་བས། །
དགྲ་ཡི་ལས་ནི་ཐབས་ཀྱིས་བཟློག་མ། །
ཡི་གེ་བཅུ་བ་ངག་ནས་བཟླ་བས། །
རིག་པ་སྐྲ་རྩེ་ལས་ཀྱང་རྣོ་མ། །
ཕྱག་འཚལ་ཏཱ་རེ་ཞལ་ནས་འབྱོན་པས། །
ཧཱུཾ་གི་རྣམ་པས་ས་བོན་རྒྱས་མ། །
བུ་ངའི་སེམས་ནི་རྣམ་པར་འབིགས་བྱེད། །
ཁ་བ་ཅན་ལ་གཡོ་བ་ཉིད་མ། །
ཕྱག་འཚལ་སྐྱབས་གསུམ་ཀུན་འདུས་ཚོགས་ཀྱིས། །
རི་དྭགས་མིག་བཞིན་ཉམས་ཀྱིས་སྐྱོང་མ། །
སྤྱི་ཕན་ནན་བཤད་སློབ་གསོའི་ལས་ཀྱིས། །
ཕ་ཡུལ་རྒུད་པ་རྣམ་པར་སེལ་མ། །
ཕྱག་འཚལ་དབྱངས་ཅན་ངག་རིག་དཔལ་མོ། །
གཙོ་མོ་མཁའ་འགྲོ་ཚོགས་རྣམས་བསྟེན་མ། །
ཀུན་ནས་ངག་གི་དབང་ཕྱུག་བརྒྱན་གྱིས། །
འགྲན་དང་སེམས་ངན་ཕྲག་དོག་སེལ་མ། །
ཕྱག་འཚལ་བྲང་གི་བུམ་པ་རྒྱས་པས། །
སྤྱན་གཉིས་འོད་རབ་འཕྲོག་པར་བདེ་མ། །
གླུ་ཡིས་མཆོད་པ་རྣ་བར་སྨན་པས། །
ཕྱག་འཚལ་དེ་ཉིད་གླུ་མར་བཀོད་པའི། །
ཞི་བའི་ཚིག་དང་ཡང་དག་ལྡན་མ། །
ངན་དང་གཡོ་སྒྱུ་ཁ་ཡག་ཚོགས་རྣམས། །
ཤིན་ཏུ་སྡུག་བསྔལ་ནད་རྣམས་སེལ་མ། །
འཇོམས་པ་ད་རེ་རབ་མཆོག་ཉིད་མ། །
རྩ་བའི་ཚིག་གིས་བསྟོད་པ་འདི་དང་། །
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
/
༢༠༡༥།༨།༢༧ ཉིན་རྨ་ཆུ་རྫོང་ནས་བྲིས།
བསམ་ཚུལ་ཕྲིས།