དུར་ས་སློག་པ།

ཅོག་ཙེའི་སྒང་ནས་ཤེལ་ཕོར་ལྐོག་ཤོམ་འཐེན། ། ཐང་ཚང་ནང་ནས་གནས་མོས་ངག་གྱལ་འཆད། ། འཚོ་གནས་བྲག་ལ་བསྐོས་པའི་རི་ཁ་ནས། ། རྟ་ཕོ་གསེར་སྒ་ཅན་དེ་གང་དུ་འདྲོགས། ། །

བོན་དཔེ་འགར་གཟིགས་པའི་མྱོང་ཟིན་གཞོན་ནུ་འོད་ལྡན།(ཁག་དང་པོ།)

༄༅།།རང་ལ་བག་ཆགས་འཇོག་ཕྱིར་གངས་ཅན་བོད་ཀྱི་བོན་དཔེ་འགའ་ལ་གཟིགས་པའི་མྱོང་ཟིན་ཚིགས་བཅད་རྐང་བ་ལྔས་བསྡེབས་པ་གཞོན་ནུ་འོད་ལྡན་ཞེས་བྱ་བ་བཞུགས་སོ།། ། ཞང་སྐད་དུ། སད་ནི་སྤུངས་སོ་རད་ན་ཙེ། དམུ་ར་ཏི་ཅུ་པ་ཏ་ཡ། ཀ་ཡ་ཨག་ཤོ་དྲི་ཏི་སུམ་ཨཀྱོ་སངས། གྱི་གྲན་པ་ཤང་སྡྷིང་འདུ། བོད་སྐད་དུ། ལྷ་མི་སྟོན་པ་རིན་པོ་ཆེ།། གཤེན་རབ་ཉིད་ལ་ཕྱག་འཚལ་ལོ།། ལུས་ངག་ཡིད་གསུམ་སྒྲིབ་པ་དག། དགྲ་བགེགས་དབང་སྡུད་དངོས་གྲུབ་སྩོལ།།

ཡིད་ལས་སྐྱེས་ཀྱི་སྡུག་བསྔལ།

མི་ཡི་ཚོགས་ཀྱིས་ཅི་ཞིག་བཤད་དེ་ནམ་མཁའ་ལགས།། བདེ་བའི་ཆར་ཟིམ་ཡུལ་ཕྱོགས་གང་ནས་ཐུར་དུ་འབབ།། སྐར་ཕྲན་རེ་དང་མིག་ཟུང་སོ་སོའི་ཉི་འོད་ཀྱིས།། ཨ་ཐང་ཆད་པའི་ལོ་ཟླ་ག་ཙམ་སྡུག་གིས་བཏེགས།། ངུ་ཞོར་དགོད་ཞོར་གྲིབ་མའི་རྟ་ཁྱུ་ཕན་ཚུན་བར།། སེམས་ཅན་མཐའ་དག་རྒྱང་གི་མཚོ་ལ་ཆས་སོང་ཟེར།།

ཤིན་ཏུ་སྐྱོ་བའི་མདང་ནུབ།

། མིག་གི་མཐིལ་ལ་གཙང་བོ་གཤར་བ་དེ།། དགའ་མ་དུར་ལ་སྐྱེལ་ཚུལ་ཡིན་ནམ་ཀྱེ།། ཁོ་བོ་ཆང་ཁང་གཉིས་པའི་འགྲུལ་བ་ལྟར།། ཟློས་གར་ནར་མའི་ལམ་དུ་ཤུམ་ཤུམ་ངུས།། ། ཀུན་ཏུ་སྐྱོ་གདུང་རུམ་ལ་བཅུག་པ་ཡི།། དབུ་སྐྲ་སིལ་མར་གཏོར་བའི་དགེ་མ་བཞིན།། ནགས་ཀྱི་བསྟི་གནས་རྣམས་སུ་ཉུལ་བ་བས།། སེམས་ཀྱི་སྨུག་པ་ཁོག་ལ་འཐིབས་པར་བྱས།། ། མདུན་ན་བཞུར་བའི་བྱ་ཁྱུ་འདི་དག་ཀྱང་།། བདག་གི་སྣང་བའི་ཞིང་གི་མགྲོན་པོ་སྟེ།། མིག་ཆུའི་རྒྱ་མཚོའི་ཁ་རུ་ལྡིང་བ་ཡིས།། སྨྲེང་བ་འབུམ་ཕྲག་དུ་མ་གཡོ་བར་བྱེད།། ། ཡིད་ལ་བབས་པའི་ཁ་བའི་ངམ་ཁ་རུ།། དྲན་པ་ཁྲི་ཡིས་སྣོན་མ་བྱས་པའི་མུར།། རྣམ་ཤེས་ཆུ་ལ་ལྷུང་བའི་སྒྲུང་གཏམ་ཞིག། ཤོག་བུའི་རྩིབ་མ་བརྒྱུད་ནས་འདི་གར་སླེབ།། ། ཕྱི་ལོ་ ༢༠༡༥།༩།༢༧ ཉིན་གྱི་ཞོགས་པར་བླ་རུང་ནས་བྲིས། །