བོན་དཔེ་འགར་གཟིགས་པའི་མྱོང་ཟིན་གཞོན་ནུ་འོད་ལྡན།(ཁག་དང་པོ།)

རྩོམ་ཡིག་འདི་ཐེངས། 345 བཀླགས་འདུག

༄༅།།རང་ལ་བག་ཆགས་འཇོག་ཕྱིར་གངས་ཅན་བོད་ཀྱི་བོན་དཔེ་འགའ་ལ་གཟིགས་པའི་མྱོང་ཟིན་ཚིགས་བཅད་རྐང་བ་ལྔས་བསྡེབས་པ་གཞོན་ནུ་འོད་ལྡན་ཞེས་བྱ་བ་བཞུགས་སོ།།

unnamed

ཞང་སྐད་དུ། སད་ནི་སྤུངས་སོ་རད་ན་ཙེ། དམུ་ར་ཏི་ཅུ་པ་ཏ་ཡ། ཀ་ཡ་ཨག་ཤོ་དྲི་ཏི་སུམ་ཨཀྱོ་སངས། གྱི་གྲན་པ་ཤང་སྡྷིང་འདུ། བོད་སྐད་དུ། ལྷ་མི་སྟོན་པ་རིན་པོ་ཆེ།། གཤེན་རབ་ཉིད་ལ་ཕྱག་འཚལ་ལོ།། ལུས་ངག་ཡིད་གསུམ་སྒྲིབ་པ་དག། དགྲ་བགེགས་དབང་སྡུད་དངོས་གྲུབ་སྩོལ།། བརྒྱ་བའི་མགོན་པོ་རྒྱལ་བ་གཤེན་རབ་དང་།། གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་སྟེ།། འཛམ་གླིང་རྒྱན་དྲུག་མཁས་པ་མི་བཞི་སོགས།། བསྟན་པའི་བདག་པོ་རྣམས་ལ་གུས་ཕྱག་འཚལ།། ལོ་པཎ་གཤེན་བརྒྱད་བྲུ་ཞུ་སྤ་རྨེའུ་དང་།། གཤེན་གྱེར་རྨ་དབྱིལ་མཉམ་མེད་བླ་མ་སྟེ།། འགྲོ་མགོན་དང་ནི་སྣང་སྟོན་ཟླ་བ་སོགས།། གཤེན་བསྟན་སྲོག་འཛིན་རྣམས་ལ་དུས་རྟག་བསྙེན།། སྙིགས་དུས་འགྲོ་བའི་མུན་པ་བསལ་ཕྱིར་དུ།། བོན་དཔེ་འགའ་ལ་གཟིགས་པའི་མྱོང་ཟིན་ཙམ།། ཚིགས་བཅད་རྐང་བ་ལྔ་ཡིས་བསྡེབས་པ་ཡི།། གཞོན་ནུ་འོད་ལྡན་བྱ་བ་འདིར་འགོད་དེ།། བོད་ཀྱི་ཕ་ཆོས་བོན་གྱི་རིག་གཞུང་དག། བོད་མི་ཁ་ཤས་བོན་ལ་འདྲིས་རྟོགས་དབེན།། བོད་ཀྱི་ཆོས་རིག་བོན་རྣམས་མི་ཉམས་ཕྱིར།། བོད་ལ་དགའ་བའི་བོན་ཕྲུག་བདག་གིས་སྤེལ།། བོན་འཁོར་ཚིག་བཞི་ཞེས་བྱའི་བརྒྱད་སྟོང་བོན།། ཡང་བཅུད་གཅིག་ཏུ་བསྡུས་པའི་སྙིང་བོའི་བོན།། གཤེན་གྱིས་དཀའ་ཐུབ་མཛད་ནས་བདུད་བཏུལ་རྟིང་།། སྔོན་ཚེ་ཁྱེའུ་ཆུང་ལ་བསྟན་གདམས་ངག་གང་།། ད་ནི་གཏོ་འབུམ་ལ་སོགས་འཁོར་ལ་བསྩལ།། ལྟ་སྤྱོད་གཞི་གསུམ་གནད་ཀྱིས་དབུ་ཕུབ་ཏེ།། བདེན་གཉིས་འཁོར་བའི་བོན་རྣམས་མ་ལུས་ཀུན།། རྣམ་པར་དབྱེ་ཞིང་བཀྲལ་བའི་ཕྲེང་བསྒྲིགས་ཏེ།། སོ་སོར་མ་ལུས་ཚིག་གིས་གསལ་བྱས་པ།། སྐུ་གསུམ་ལྷུན་གྲུབ་ངང་གིས་བདེ་ལེགས་རྫོགས།། སྦྱིན་སོགས་ཕྱིན་དྲུག་སྤྱོད་པའི་སྣང་བ་དེ།། ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་བའི་ངག། སྣང་སྟོང་དབྱེར་མེད་ལམ་ནས་གཞི་ལམ་འབྲས།། གདུལ་བྱའི་ཁམས་དང་བསྟུན་འདི་གསུངས་པའི་དགེས།། བདག་སོགས་འཁོར་བའི་ལས་ཉོན་དག་པར་ཤོག། དྲང་སྲོང་བདེ་ལེགས་ཞེས་བྱའི་ཕྱག་དཔེ་འདི།། དོན་གཉེར་ཅོལ་ཆུང་བདག་འདྲས་ཀློག་ཐུབ་པ།། ཚེ་དང་བསོད་ནམས་བསྐལ་བའི་དཔལ་སྙམ་པས།། ནད་གདོན་དབུལ་ཕོངས་འཐབ་རྩོད་རབ་ཞི་ནས།། ཡེ་ཤེས་ཆེན་པོས་རང་རྒྱུད་ཟིན་པར་ཤོག། ཤེས་རབ་བླ་ན་མེད་པར་ཕྱིན་པའི་མདོ།། མངོན་པར་རྟོགས་པ་ལམ་གྱི་རིམ་རྒྱན་གང་།། སྟོང་ཕྲག་བརྒྱ་བའི་དོན་སྙིང་དག་བསྒྲིགས་ཏེ།། ཁམས་བརྒྱད་གཏན་ལ་འབེབ་བྱེད་སྙིང་བོ་ཀུན།། མ་ལུས་གཅིག་ཏུ་དྲིལ་བ་ཤེས་པས་མཇལ།། གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་དཔལ་ཆེན་ནས།། སྦྱར་བའི་ཕྱག་དཔེ་བླ་མེད་མངོན་རྒྱན་འདི།། མཁས་དང་མཁས་མིན་ཀུན་ལ་བོགས་རེ་སྟེ།། བླ་མེད་ཕྱིན་ལུགས་ལེགས་པར་མཐོང་སྨོས་ན།། བདག་འདྲ་བཤད་ཅི་ཨེ་མ་སྟོབས་ཀྱིས་འཇུག། བདེར་གཤེགས་སྣ་ཚོགས་འབྱུང་གནས་གང་ཡིན་དང་།། ཟབ་ཡངས་རྒྱ་ཆེའི་རྟོགས་པའི་ལམ་མ་ནོར།། གཉིས་སྣང་དངོས་ཀུན་རྟེན་པའི་གཞིར་གྱུར་གང་།། ལུགས་དང་ལུགས་མིན་རྣམ་འབྱེད་ཕུགས་ཆོད་སོགས།། བདེན་བརྡར་སྟོན་པའི་ཡུམ་དེས་ཤིས་པ་སྩོལ།། ཁམས་བརྒྱད་སོ་སོའི་མཚན་ཉིད་དངོས་བསྟན་ནས།། སྐྱེ་མེད་འགག་མེད་རྒྱུ་འབྲས་རྟེན་འབྱུང་དང་།། ཕྱིན་དྲུག་དང་ནི་ས་བཅུ་ལམ་ལྔ་སོགས།། བཀར་རྟགས་ཕྱག་རྒྱས་མདུད་པ་ཀུན་ཁྲོལ་ཏེ།། སྣང་བ་བོན་ཉིད་དབྱིངས་སུ་ཞུགས་ཙམ་རྟོག། དམིགས་མེད་སྤྲོས་མེད་བརྗོད་འདས་བོན་ཐམས་ཅད།། མཉམ་ཉིད་བཅོ་བརྒྱད་དོན་ལ་འདུས་ཚུལ་དང་།། མཁས་རྣམས་མདོ་ཡི་བཅད་ཚིག་རྒྱས་པ་སོགས།། རྣམ་གྲངས་མིང་གིས་མདོ་གཞུང་ལེགས་བསྡུས་ཏེ།། འཁྲུལ་བྲལ་ཡེ་ཤེས་ཆེན་པོས་གསུང་བ་རྨད།། ཁྱད་པར་རྒྱལ་གཤེན་མཚན་བཟང་དཔེ་བྱད་ལ།། ལེགས་པའི་ཡོན་ཏན་དཔེ་དང་ངོ་བོ་ཡིས།། གསལ་སྟོན་ཕུན་ཚོགས་དཔལ་གྱིས་མངོན་འཁྱུད་དེ།། ལྐུག་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་དོན།། རིན་ཆེན་གཟུངས་སྣོད་རུང་བར་བསིལ་སྦྱིན་མཛད།། ཚེ་ཚད་རིག་པར་མཇལ་བའི་ཤེས་རྣམས་ཀུན།། ཤེར་ཕྱིན་མངོན་རྒྱན་ཞིབ་ལུགས་འཁྲོལ་དཀའ་ན།། བདག་འདྲ་ཅི་སྨོས་བམ་ཀློག་གཞལ་ཚད་ཅིག། ཟིན་ཏིག་ཚུལ་དུ་མི་བརྗེད་གཟུངས་ལྡན་ལ།། བག་ཆགས་འཇོག་ཕྱིར་བྲིས་འདིས་དགེ་འཕེལ་ཤོག། འགྲོ་མགོན་བླ་མའི་བཞེད་གཞུང་སྨ་མེད་པ།། ས་ལམ་རིམ་བགྲོད་འཕྲུལ་གྱི་སྒྲོན་མེ་གང་།། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ནས།། རང་གཞན་ཀུན་ལ་ཕན་ཕྱིར་ཚིག་སྤེལ་བ།། སྒོ་གསུམ་གུས་པས་བཏུད་ཏོ་བསྟོད་ཕྱག་བགྱི།། འཁོར་བའི་བོན་དང་མྱང་འདས་བོན་གྱི་ཁྱད།། བདག་འཛིན་བློ་དང་བདག་མེད་རྟོགས་པས་དབྱེ།། འཁོར་འདས་གཞི་རྩ་བདེན་གཉིས་སུ་འདུས་པ།། རྣམ་མཁྱེན་བཞེད་པས་ཡིན་ལུགས་དེ་བཞིན་དུ།། དོན་དམ་དང་ནི་ཀུན་རྫོབ་དཔེ་ཡིས་སྟོན།། སྤྲོས་བྲལ་བདེ་བ་ཆེན་པོའི་ཕོ་བྲང་ལ།། བདེན་བཞིའི་གནས་ལུགས་དེ་ཉིད་གསལ་བྱས་ཏེ།། ས་དང་ལམ་གྱི་ཡོན་ཏན་རིམ་བགྲོད་དེ།། ཡིན་ཚུལ་བཞི་ཡི་ལེའུ་དང་པོར་འཆད།། རྟེན་ཅིང་འབརེལ་འབྱུང་ཡིན་པའང་དེ་ཡིས་དཔོགས།། རྐྱེན་སློང་ལམ་དང་འཕྲད་པས་སངས་རྒྱས་རུ།། མངོན་པར་འཐོབ་འདོད་རིམ་པའི་ཐེམ་སྐས་ཏེ།། རྒྱུ་དང་རྐྱེན་དང་བསྐྱེད་སོགས་དགེ་གྲུབ་པས།། རྒྱལ་མཆོག་ཐུགས་རྗེའི་སྟོབས་ཀྱིས་ཉེར་དྲངས་པ།། དཔོན་གསས་ལ་བརྟེན་ལམ་གྱི་སྒྲོན་མེ་བཀར།། གཞི་ལམ་ཡོན་ཏན་རྫོགས་པའི་གཏིང་རྡོ་ལ།། བསོད་ནམས་ཚོགས་རྫོགས་ཡེ་ཤེས་དྲོད་བསྐྱེད་དེ།། འབྲས་བུ་སངས་རྒྱས་གོ་འཕང་མྱུར་བགྲོད་དུ།། མཚན་དང་རྣམ་དབྱེ་རྒྱས་འགྱུར་ཡང་དག་བོན།། ཐུགས་དག་མེ་ལོང་ངོས་སུ་མཐོང་ངེས་བསྟན།། གཞི་ལམ་འབྲས་གསུམ་གསལ་བྱེད་སྒྲོན་མེ་འདི།། རིགས་སྨྲ་བདག་ནི་ནུས་ཚོད་ཙམ་མཇལ་བ།། དད་པའི་སྤུ་ལོང་རབ་ཏུ་གཡོས་གྱུར་ནས།། འདོད་བློའི་ངག་ཚིག་པད་མའི་མདངས་བརྒྱན་པ།། འཁྲུལ་བཤགས་བདག་བཅས་གུ་ཡང་གནང་བ་སྩོལ།། དབུ་མ་བདེན་གཉིས་ཞེས་བྱའི་རྣམ་གཞག་གང་།། ཚ་རོང་གར་ཤེལ་ཤེས་རབ་འོད་ཟེར་ནས།། ཚེག་བར་བདུན་མའི་སྙན་ཚིག་ཕྲེང་བསྒྲིགས་ཏེ།། ཐེག་ཆེན་གཞུང་གི་སྙིང་བོ་བསྟན་གྱུར་བ།། འབད་པས་གཟིགས་སོ་རྣམ་དཀར་དགེ་ལེགས་སྩོལ།། འཛིན་པའི་བློ་ལ་གཉེན་པོའི་མཆོག་གྱུར་བ།། བདེན་གཉིས་མཐར་བཀྲལ་དགོངས་པའི་དོན་གྱི་གནད།། ཕྱི་ནང་འཁོར་འདས་བོན་གྱི་གནས་ལུགས་དག། ཇི་ལྟ་ཇི་བཞིན་དཔེ་དོན་རིགས་གསུམ་གྱིས།། ཕངས་མེད་འགྲོ་ལ་སྦྱིན་འདི་དངོས་གྲུབ་ཕོབས།། དེ་ཡང་ས་ལམ་འཕྲུལ་སྒྲོན་རང་འགྲེལ་འདི།། མཉམ་མེད་བླ་མས་རྒྱལ་བསྟན་གནས་ཕྱིར་དུ།། བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དེས།། བདག་སོགས་འགྲོ་ལ་ཕན་པའི་སྨན་བྱིན་པ།། ཨེ་མ་དྲིན་ཆེ་རིག་པ་མཐར་ཕྱིན་ཤོག།གོང་གསལ་སྒྲོན་མེའི་གཞུང་གི་གནད་ཚིག་དག། གདུལ་བྱའི་བབས་དང་བསྟུན་ནས་གསེད་བཀྲོལ་བ།། ཕན་པར་འགྲེལ་མཛད་བདག་བློའི་ཀུད་མེད་ལ།། ཟླ་བསིལ་འགོག་མེད་སྦྱིན་པས་རིག་སྟོབས་འཕེལ།། འཕེལ་གང་དགའ་བས་བརྟས་པ་ཛམ་ལྷར་འཁྲུལ།། མེ་སྟོན་ཤེས་རབ་འོད་ཟེར་མཆོག་གིས་ནི།། བརྩམས་ཤིང་སྤེལ་བའི་དབུ་མ་བདེན་གཉིས་གཞུང་།། གོ་སླར་འཁྲོལ་ཕྱིར་རྗེ་བཙུན་མཉམ་མེད་པས།། འགྲེལ་བ་བརྩམས་པ་རང་གིས་དེ་མཐོང་བ།། ལྕགས་ཐོག་རྣོ་ཡི་དཔེ་བཞིན་གོ་ཙམ་བྱུང་།། ཟབ་མོའི་དོན་སྟོན་སྙིང་བོའི་བོན་རབ་མཆོག། མཆོག་ཏུ་འཛིན་པ་བདེན་གཉིས་གསང་བའི་གནད།། གནད་བརྒྱ་གཅིག་ཏུ་འདུས་པའི་ཕན་བྱེད་སྨན།། སྨན་པར་གྱུར་གང་འགྲེལ་འདིས་ལེགས་བཤད་སྟོང་།། སྟོང་གསུམ་ཁྱབ་པར་སྒྲོག་པ་ཅིས་མི་མཚར།། གཉེར་དོན་དང་ནི་བོན་གྱི་རང་བཞིན་དང་།། བཤད་ལུགས་རང་གཞུང་དང་བསྟུན་རྒྱས་པ་རུ།། རྣམ་པ་གསུམ་གྱི་སྒོ་ནས་ལེགས་འཆད་པ།། དེའང་བྱེ་བྲག་མཆོད་དང་དམ་བཅའ་སོགས།། རྣམ་པར་དབྱེ་ཞིང་དོན་ཁྲོལ་བདག་བློ་བསྐྱངས།། མཁན་མིང་འཛིན་པ་ཉི་རི་ཤེལ་བཞིན་ནས།། ལེགས་པར་བསྡུས་ཤིང་སྤེལ་བའི་རྣམ་འབྱེད་ཀྱི།། མཚན་ཉིད་ཚིག་བཀྲའི་རིམ་པ་མཐར་ཆགས་སུ།། བཀྲ་ཤིས་ཕུན་ཚོགས་དགེ་བས་ཆར་འཇོ་བ།། བདག་འདྲ་དད་ཅན་གཤིན་ས་བརླན་པར་མཛོད།། འཕྲུལ་སྒྲོན་མཆོད་བརྗོད་རྣམ་གཞག་ལས་འཕྲོས་ཏེ།། ཁོག་དབུབ་ཁྱུང་ཆེན་ལྡིང་འདྲའི་གསལ་བྱེད་དུ།། ཀླད་གཞུང་རྩོམ་པ་མཐར་ཕྱིན་ས་བཅད་གསུམ།། དགོས་དང་དམིགས་ཆེད་གང་ཡིན་ཕུལ་ཕྱིན་གྱི།། ཡང་དག་གནས་ལུགས་གཏན་འབེབ་མཛད་གང་དགེ། སྟོན་པ་དང་ནི་གདུང་སོབ་ཆེན་པོ་དང་།། འཛམ་གླིང་རྒྱན་དྲུག་ལོ་པཎ་གཤེན་བཞི་དང་།། བླ་ཆེན་དྲན་པ་འགྲོ་མགོན་བློ་གྲོས་སོགས།། ཚད་མའི་སྟོན་པ་རྣམས་ལ་ཁུངས་བཅོལ་ཏེ།། འཕྲུལ་གྱི་སྒྲོན་མེའི་བསྟན་བཅོས་བརྩམས་ལུགས་བཤད།། དགག་སྒྲུབ་རིག་པ་རྣོན་པོའི་ཐལ་ཕྲེང་གིས།། ས་བཅད་དང་ནི་རབ་དབྱེ་སོ་སོ་ཡི།། གཞུང་ཁུངས་ཇི་ལྟར་བྱུང་བའི་ཡིན་ལུགས་ཤིག། འཐད་ལྡན་བསྒྲུབས་པའི་འབྲས་རྟགས་བླ་མེད་པ།། མཚན་ཉིད་ཚིག་བཀྲས་འགྲོ་རྣམས་མུན་སེལ་སྒྲུབས།། བརྡ་སྤྲོད་ཀུན་སྙིང་སྲིད་པའི་སྒྲོན་མེ་འདི།། རྒྱ་བོད་ཞང་སོགས་བརྡ་ལ་ཀུན་བྱང་བ།། འཇིགས་མེད་ནམ་མཁའ་དཔལ་བཟང་གང་དེ་ཡིས།། ཁྱུང་ཆེན་སྤུངས་རིར་མགྱོགས་བྲིས་བྱས་གང་དགེས།། བདག་སོགས་བརྡ་ལ་རྨོངས་རྣམས་བསྐྱབ་ཏུ་གསོལ།། སུམ་རྟགས་ཀུན་ཚང་རྩ་འགྲེལ་ཟུང་མཐུན་འདིས།། བཀའ་དང་བསྟན་བཅོས་དགོས་འདོད་རབ་བཀྲལ་ནས།། ཚེག་བར་བདུན་མས་དཔེ་དོན་རྒྱས་བསྟན་པ།། རང་གཞན་ཀུན་ལས་ཁྱད་དུ་འཕགས་པ་ནི།། ཡི་གེ་འབྱུང་བས་སྟོན་འདི་ཅིས་མིན་ནམ།། འཕྲུལ་ཆེན་ཡིག་སྦྱོར་ཀུན་སྙིང་བརྡ་སྤྲོད་སྲོག། སྲོག་འཛིན་རྒྱལ་བསྟན་རི་དབང་བརྗིད་ཅིང་བརླིང་།། བརླིང་བའི་ལེགས་བཤད་ཐབས་ཤེས་ཟུང་གི་འཕྲུལ།། འཕྲུལ་ཡིག་བཞི་བཅུའི་རྣམ་གཞག་རྒྱས་པར་བསྟན།། བསྟན་པའི་གསལ་བྱེད་གཙུག་ལག་ནོར་བུའི་ཏོག། གཤེན་གྱི་ཐུགས་ལས་འབྲུ་ལྔ་འོད་དུ་ཕྱུང་།། ཐོ་ཡིག་བཞི་བཅུའི་ཐང་བབས་གོ་རིམ་དང་།། སྦྱར་བའི་ཡི་གེ་བཅུ་སོགས་བླངས་གྱུར་ཏེ།།གསལ་བཤད་སུམ་ཅུའི་རྣམ་གཞག་རྒྱས་པར་འཆད།། འཆད་པའི་རྦ་རླབས་སྲིད་རྩེའི་ཏོག་ཏུ་གཡོས།། ཡི་གེའི་ཁམས་དང་འབྱུང་བའི་སྡེ་ཚན་དང་།། སྔོན་མིང་རྗེས་གསུམ་འཐོབ་ལུགས་རིམ་པ་ནི།། མཛུབ་མོས་རི་སྟོན་དེ་ཉིད་གསལ་བའི་ཟླ།། ཟླ་གཞོན་ཁ་བའི་ལྷུན་པོ་སྤུངས་བྱས་ཏེ།། ཏི་སེའི་རྒྱན་དུ་གྲུབ་བོ་སྣོད་ལྡན་ཀྱེ།། ཡང་ཁྱད་ངག་འཛིན་ཕོ་མོ་མ་ནིང་དང་།། མགོ་འདོགས་བརྩེགས་གསུམ་དུས་གསུམ་སྐུལ་ཚིག་བཅས།། ལེའུ་ལྔ་ཡི་བདག་ཉིད་བརྩེ་བ་ཡིས།། དོན་གཉེར་བུ་ལ་ཕན་པའི་གསོས་སུ་སྦྱིན།། སྦྱིན་པའི་སྟོབས་ཀྱིས་ཨེ་མ་ཤེས་རབ་སྩོལ།། གོང་གི་བརྡ་སྤྲོད་སྲིད་སྒྲོན་རྩ་ཚིག་འདི།། འཇིགས་མེད་ཁོང་ནས་འུབ་ཆུད་ཀློང་གནས་སུ།། ཐོལ་བྱུང་བྲིས་པ་སི་ཏུའི་ཞལ་ལུང་བཞིན།། འཁྱེར་སླ་འཛིན་བདེ་སློབ་མའི་ཁམས་དང་མཐུན།། མཐུན་པའི་བཤེས་ཤིག་བསྟེན་ན་ཅི་མ་རུང་།། འདི་ཡང་གཞན་མིན་འདི་ཉིད་བརྡ་སྤྲོད་ཀྱི།། སྲིད་པའི་སྒྲོན་མེའི་སྲིད་འཛིན་ཆེན་པོ་རུ།། སྟོབས་ཀྱིས་འགྲེང་ཞིང་སྟོབས་ལྡན་ཚིག་ཉུང་བ།། ལེགས་བཤད་ཐར་ལམ་ལེགས་སྟོན་རྨད་བྱུང་ཚིག། རྒྱ་མཚོའི་བཅུད་བཞིན་རྒྱ་རྒྱ་ཆེན་པོས་བཅིངས།། དྲན་པའི་བཀའ་རྒྱ་རི་ཁྲོད་ཆེན་པོ་ཡིས།། ལྷ་གཉན་ལ་བརྒྱུད་དེ་ཡང་ལུང་སྒོམ་ལ།། བརྒྱུད་པའི་མན་ངག་མེ་ལོང་བདུན་པ་ཞེས།། རྫོགས་ཆེན་གནད་འདུས་སྙིང་གི་ཏོག་གྱུར་བ།། གཏེར་བོན་དེ་ཉིད་བདག་བློའི་ཁབ་ཏུ་རོལ།། ཉིད་ནས་རྒྱ་གར་བྲུ་ཤ་ཞང་ཞུང་སོགས།། མཁས་བཙུན་རྣམས་ཀྱི་དགོངས་པ་ལྷུར་བླངས་པ།། སྙན་རྒྱུད་གསེར་བྲིས་གདམས་པའི་བཅུད་མཐར་ཐུག། ཕྱི་ནང་གསང་གསུམ་གནད་འབྱིན་རྫོགས་པའི་གར།། བསྒྱུར་ལ་ལྟ་བའི་ཡང་སྙིང་དཔོག་མི་འབྱིན།། ས་ལམ་དང་ནི་རྒྱུ་འབྲས་མཐའ་དག་གི། བོན་རྣམས་གཅིག་ཏུ་རྫོགས་པའི་ཟབ་གནད་གང་།། ཀ་དག་ལྷུན་གྲུབ་ངེས་མེད་སྐྱེ་མཆེད་སོགས།། ལྟ་བའི་མཐར་ཐུག་འབྱིན་ལ་ཟླ་བྲལ་བ།། མེ་ལོང་བདུན་པ་ས་གསུམ་བང་གི་མཛོད།། དྲང་དོན་སྒྲོན་མ་མུན་སེལ་ཁོལ་ཕྱུང་གི། གཤེན་གྱི་མཛད་པ་མཐར་ཕྱུང་གཟེར་བུ་གང་།། གཟི་བརྗིད་དང་ནི་གཟེར་མིག་བསྡུས་པ་ཡིས།། མཛད་པའི་ཕྲིན་ལས་མ་ཡལ་རྗེན་པར་སྟོན།། སྟོན་པའི་ལས་དེས་བདག་ཡིད་སྐད་ཅིག་དྲོངས།། བོན་གྱི་ཆེ་བ་བརྗོད་པའི་གསལ་བྱེད་དུ།། མངོན་པར་འཕགས་པའི་མཛད་རྣམ་སྙིང་བསྡུས་འདིར།། མཛད་འཕྲིན་བཅུ་གཉིས་བསྐྱངས་པ་རིག་བྱེད་ཀྱི།། སྙན་ཚིག་གཏམ་གྱིས་ཉེར་དྲངས་ལེགས་འོང་བ།། བརྗོད་བྱ་རྗོད་བྱེད་འཛམ་གླིང་རྒྱན་གྲུབ་རྨད།། དང་པོར་ཚོགས་བསགས་མཐའ་མར་སངས་རྒྱས་ཀྱི།། གོ་འཕང་རིམ་བགྲོད་ཐར་བའི་ལམ་སྣེ་གང་།། གདུལ་བྱ་རྒྱ་མཚོའི་དཔལ་ཏུ་ཤར་བ་ནི།། འདུལ་བྱེད་སངས་རྒྱས་ས་ལ་ལེགས་སྨོན་པའི།། དད་ལྡན་རིག་སློབ་མྱོས་པའི་དཔེ་རུ་གྱུར།། ལྟ་བའི་སྡིངས་གྱུར་བདུད་ཟློག་གཟེར་བུ་སྟེ།། དྲང་དོན་མུན་སེལ་སྒྲོན་མའི་འགྲེལ་བ་ཉིད།། རྣམ་པ་བདུན་གྱིས་དོན་ཉིད་བསྟན་པ་ལས།། དཔོན་གསས་དང་ནི་ཡུལ་དང་གར་གཏོགས་དང་།། གང་བཏུས་མཚན་ཅི་དོན་ཆེད་ཡོན་ཏན་ནོ།། དྲང་དོན་སྒྲོན་མ་ལས་ནི་རིགས་དྲུག་གི། རང་སྦྱོང་གདམས་པ་ཟབ་མོའི་དོན་སྟོན་པ།། ཕྲིན་ལས་ཞི་དྲག་སྒོ་ནས་སྦྱོང་ལུགས་དང་།། དགོངས་པའི་སྟོབས་ཀྱིས་སྦྱོང་ལུགས་རྣམ་པ་གཉིས།། ཕ་རོལ་ཤེས་པར་བག་ཆགས་གསོས་སུ་འདེབས།། དྲང་དོན་སྒྲོན་མ་ལས་ནི་གཏམ་རྒྱུད་ཀྱི།། བརྡ་ཡི་གཟེར་བུ་ཞེས་བྱའི་གླེགས་བམ་གང་།། ཅོ་ཟ་བོན་མོ་ལ་སོགས་གུས་པས་ནི།། གཤེན་ལ་ཇི་ལྟར་ཚུད་པའི་ལོ་རྒྱུས་དག། མེ་ལོང་བདུན་པ་ནང་བཞིན་ཤར་མར་སྟོན།། སྤྱིར་ནི་དྲང་དོན་སྒྲོན་མ་མུན་སེལ་འདི།། དྲན་པས་གཟེར་བུ་རྣམ་པ་བཅོ་ལྔ་རུ།། བསྟན་པའི་ཐོག་མ་ལོ་རྒྱུས་གཟེར་བུ་དེ།། གོང་དུ་སོང་ལ་ད་ནི་སྟོང་ཐུན་གྱི།། མན་ངག་ཟབ་ལམ་རྫོགས་པའི་གནད་འདིར་སྟོན།། རྣམ་པ་བཅོ་ལྔ་ཚིགས་བཅད་སྟོང་བརྒྱད་ཅུ།། ཉིས་བརྒྱ་བདུན་ཅུ་གཅིག་ངེས་ཤོ་ལོ་ཀ།མི་ཡི་དག་ཚིག་གཤེན་ཚིག་སུམ་དགུའི་གཅིག། བོན་གྱི་སྡོམ་ཚིག་བཅུ་དང་ཤོ་ལོ་ཀ། གཅིག་ཏུ་སྟོན་ལ་གསལ་བའི་སྒྲོན་མེ་ཉིད།། ཡང་ཁྱད་གཞུང་དོན་སྒྲོན་མ་མུན་སེལ་དང་།། གཟེར་རྣམ་བཅོ་ལྔ་གཏམ་རྒྱུད་ཉི་ཤུ་བདུན།། སྟོང་ཐུན་མན་ངག་བདུན་སོགས་གཏན་འབེབས་གནས།། གྲངས་ཀྱི་བརྩི་བཞག་དོན་གྱི་མན་ངག་སོགས།། བྱིས་ཆུང་གོམ་ཚེ་སློབ་བཞིན་མ་ནོར་འཆད།། དལ་རྟེན་རྙེད་དཀའ་བོན་ལ་མཇལ་དཀོན་སོགས།། སྔོན་འགྲོའི་ཚིག་བཤད་དཔེ་དོན་རྟགས་གསུམ་གྱིས།། བདེན་པར་འཁྲིད་མཛད་བརྒྱད་ཁྲི་བཞི་སྟོང་གི། བོན་རྣམས་ལག་ལེན་བསྟར་ཚུལ་རིམ་པ་དག། སོམ་ཉིའི་དབེན་པར་འགྲོ་ལ་ཕངས་མེད་སྦྱིན།། རྫོགས་ཆེན་སྙན་རྒྱུད་རིན་ཆེན་ནམ་མཁའ་ཡི།། འཕྲུལ་མཛོད་ཆེན་པོར་རྒྱ་ཆེན་གྲངས་མང་ཡང་།། གཞུང་སྐབས་བརྒྱད་པ་དང་ནི་རྒྱབ་ཡིག་དང་།། ཁོག་དབུབ་དང་ནི་ས་གཅོད་ལྡེ་མིག་སྟེ།། ཀུན་འདུས་ལུང་གི་ལྡེ་མིག་དང་བཅས་འཆད།། མ་ཟད་ལྟ་བའི་སྟོང་ཐུན་དྲུག་ལྡེ་དང་།། མན་ངག་གནད་ལྡེ་ཁྱད་བརྡ་བཅོ་བརྒྱད་སོགས།། གསལ་བྱེད་ཉི་མའི་འོད་ཟེར་ཕྱོགས་ཀུན་འགྱེད།། དྭངས་པའི་མཚོ་ལ་མཛེས་པའི་མེ་ཏོག་བཞིན།། རྣམ་པར་སྡུག་ཅིང་ཡིད་འོངས་གཟུགས་སུ་བྱེད།། རྫོགས་པ་ཆེན་པོའི་གཞུང་དོན་གཏན་ཚིགས་དག། བདག་འདྲས་ནུས་མིན་ཕུན་ཚོགས་བསོད་སྟོབས་ཀྱིས།། སྙན་རྒྱུད་གདམས་པའི་བཅུད་སྙིང་སྣ་ཚོགས་པ།། མཇལ་ལ་འཇིགས་མེད་ནམ་མཁའ་འཕྲུལ་ཆེན་གྱི།། ཐོག་མའི་འཛིན་པ་བདག་གིས་དེ་ལྟར་ཐལ།། ཡང་སྙིང་དོན་ལམ་གནད་དུ་དབབ་པ་ཡི།། འཕྲུལ་མཛོད་འགྲེལ་བ་གསེར་གྱི་གའུ་འདིར།། འགྲེལ་གཞུང་འདྲ་མིན་བསྡུར་ནས་རང་ལུགས་ཀྱི།། ལྟ་བའི་མཐར་ཐུག་ཚིག་མདུད་རྒྱ་གྲོལ་ཏེ།། ཉམས་ལེན་བོགས་ལ་སྨོན་རྣམས་གསོས་སུ་གདབས།། ཐེག་ཆེན་ཉམས་ལེན་སྒོ་ཡི་མཐར་ཐུག་གང་།། རྫོགས་ཆེན་འཕྲུལ་མཛོད་གསེར་དབྱུག་ཁབ་བསྒྱུར་ནས།། ལྡེ་དྲུག་གནད་གཉིས་གདམས་པ་བཅུ་བདུན་གྱི།། བརྗོད་བྱ་མ་ལུས་འོད་ཀྱི་ཁྱབ་ཚད་བཞིན།། འགྲེལ་ལ་འཇིག་མེད་སྟོབས་བཅུའི་ཁྲི་འཕང་བརྙེས།། ཀ་དག་ལྷུན་གྲུབ་ཇི་བཞིན་སྐྱེ་མཆེད་ཀྱི།། ཐ་སྙད་བཏགས་དོན་མཁས་ལ་རབ་བྱང་སྟེ།། ཡང་རྩེ་བླ་མེད་ཐེག་པའི་མདུད་བཀྲོལ་ཏེ།། ཐེག་ཆེན་སྤྱོད་པའི་སེམས་དཔར་ངག་སྟོན་པ།། སྟོན་པ་འདི་ཡིས་སེམས་ཅན་ཐར་བར་འདྲེན།། དཔེ་གཟིགས་དོན་གསུམ་གནས་ལ་རབ་ཞན་པའི།། ཅོལ་ཆུང་བདག་གིས་རྣམ་དཀར་བསམ་པ་ཡིས།། སྙན་རྒྱུད་མན་ངག་ནུས་ཙམ་ཀློག་གྱུར་བ།། དེ་ཉིད་སྟོན་རྣམས་བདག་འཁྲུལ་མཐོལ་བཤགས་ཏེ།། ཨེ་ཝཾ་ཆེན་པོས་བདག་རྒྱུད་ལེན་པར་ཤོག། འདི་ཡི་དགེ་བས་བདག་སོགས་འགྲོ་བ་ཀུན།། ཀུན་ཏུ་བཟང་བོའི་ས་ལ་ལེགས་འཁྲིད་དེ།། དེ་བཞིན་གཤེགས་པའི་ལུགས་རྣམས་མ་ལུས་སྟོན།། སྟོན་པའི་ཐུགས་རྗེས་བདག་ཡིད་འདྲེན་པའི་དཔལ།། དཔལ་ཏུ་སྩོལ་ཅིག་སར་བ་མང་ག་ལམ།། སྒ་རིགས་སྟོན་པ་ཤེས་རབ་འོད་ཟེར་ནས།། ལེགས་བཤད་ངག་གི་འདབ་གཤོག་མྱུར་བརྐྱངས་ཏེ།། ལྟ་ངན་བཟློག་པའི་ལུང་རིགས་གནམ་ལྕགས་ཐོགས།། འཕེན་ལ་གཏན་ཚིགས་ཐིགས་པའི་མདོ་འགྲེལ་གང་།། གཏན་ལ་དབབ་འདི་བདག་ཉིད་དང་བས་མཇལ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *