རང་ཉིད་འཚོལ་བ།
རྩོམ་ཡིག་འདི་ཐེངས། 1400 བཀླགས་འདུག
/
ཟླ་གཟུགས་ཆུ་བོར་འབྲི་བའི་མཚན་སྨག་ཁྲོད་ནས། །
སྐྲ་ལོ་ཟིལ་ཆུས་བརླན་པའི་གར་མཁན་མ་དེ། །
སང་ཞོགས་ཁམས་བདེ་ཞུ་བའི་མི་དེ་ཡིན་ན། །
དར་དཀར་འཆམ་ལྭ་གྱོན་ནས་མཁའ་རུ་འཕུར་འགྲོ། །
ཁ་རླངས་གྱང་ངོར་དཔར་བའི་ཉིན་ཞག་བར་ནས། །
ཆུ་རྒོད་ཐབ་ནས་གདུ་བའི་དབྱངས་འགྲོས་དེ་ཡང་། །
ཡ་ཁོག་གྲི་ཡིས་གཤག་པའི་ཚོར་གཟུགས་ཡིན་པས། །
གཅིག་པུར་བརྡ་ཡིག་བསླབས་ནས་སྐྲ་ལོ་དཀར་ཐལ། །
གནམ་ས་རྡུལ་དུ་གྲུབ་པའི་བསྡུས་གཟུགས་ཁྲོད་ནས། །
རང་ལ་གྲིབ་གཟུགས་མེད་པའི་འགྲོ་སྟངས་འདི་ཡང་། །
རང་ཉིད་རང་གིས་བོར་བའི་སྐད་འབོད་ཡིན་པས། །
སྨྲ་བ་ཉུང་ཙམ་བྱས་ནས་བདག་མེད་བསྒོམ་དགོས། །
རྨི་ལམ་འཇའ་རུ་གྱུར་བའི་མཁའ་དབུགས་དུབ་མོ། །
ཟླ་གཟུགས་ཆུ་ཡིས་ཁུར་བའི་སེམས་ངལ་ཁྲོད་ནས། །
མེས་པོའི་བླ་ཤིང་གཅོད་པའི་གཤེད་མ་ངོ་ནག །
ལང་ཚོའི་མཆོད་མེ་གཟིམས་པའི་སྒོ་ཤིང་བར་ནས། །
མུན་པ་གོས་སུ་གྱོན་ནས་ང་ལ་མ་ལྟ། །
བསམ་ཚུལ་ཕྲིས།