གཏན་དུ་བཞུགས་པའི་དམ་བཅའ་མཛོད།
། ལེགས་བྱས་སྐལ་བཟང་ཚོགས་ཀྱི་རླབས་ཕྲེང་བསོད་ནམས་ཞིང་དུ་བགྲོད་པའི་མཐར།། དལ་འབྱོར་རྟེན་བཟང་གསེར་གྱི་འདབ་བརྒྱ་དབང་ཕྱོགས་གྲུ་འཛིན་མཁར་ཚེས་ནས།། འཇིག་རྟེན་གསུམ་གྱི་རྒུད་པའི་དཔུང་ཚོགས་སྐད་ཅིག་གཅིག་གིས་འཇོམས་མཛད་རྗེ།། ཞྭ་དཀར་བསྟན་འགྲོའི་གཙུག་གི་ནོར་མཆོག་དཔོན་གསས་བླ་མས་འདིར་གསན་མཛོད།། ། འདི་ན་བདག་ཅག་བོན་འབངས་བྱེ་བའི་དད་འདུན་པད་མ་དཀར་པོའི་མདངས།། སྒོ་གསུམ་དད་པས་མཁའ་ལ་རྩེན་བཞིན་རེ་བས་མགྲིན་དབྱངས་གཅིག་སྤུངས་ཏེ།། དཔོན་གསས་བླ་མའི་སྐུ་གསུང་ཐུགས་གསུམ་བདག་ཅག་གཙུག་གི་སྐྱབས་གནས་སུ།། བསྐལ་བ་ནས་ཀྱང་བསྐལ་བར་བརྟན་པའི་གསོལ་བ་འདེབས་པ་ཨེ་གཟིགས་སམ།། ། གང་སྐུའི་མཛད་བཟང་ཉིན་བྱེད་འཁོར་ལོས་འཇིག་རྟེན་གསུམ་དུ་ཁྱབ་གྱུར་ཅིང་།། ཁྱད་པར་བདག་ཅག་བསོད་ནམས་ཞིང་དུ་རྫོགས་ལྡན་དཔལ་ཡོན་རབ་རྒྱས་པས།། ལྷ་ལྡན་ཞིང་བཀོད་དཀྱིལ་འཁོར་བསྐྲུན་ཞིང་བཤད་སྒྲུབ་པད་ཚལ་སྐྱོང་བ་སོགས།། མགོན་པོ་གང་གི་ཐུགས་རྗེའི་བཀའ་དྲིན་སྟོང་གསུམ་གསེར་གྱིས་གཞལ་ནུས་མིན།། ། འོན་ཀྱང་དམུས་ལོང་བདག་ལྟའི་ཚོགས་རྣམས་རྣམ་དཀར་འོད་ཀྱི་འཁོར་ལོའི་ཞིང་།། སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མཇལ་ལ་ཐག་གིས་བསྐལ་བར་གྱུར་བ་སོགས།། བྱིན་རླབས་ཐུགས་རྗེའི་འོད་ཀྱི་ཉག་ཐག་རེ་བས་གདུང་བའི་འགྲོ་རྣམས་ཕྱིར།། བདག་ཅག་སྐྱེ་རྒུའི་ཡབ་ཆེན་དམ་པར་གཏན་དུ་བཞུགས་པའི་དམ་བཅའ་མཛོད།། །