དུང་ཟླ་དཀར་པོའི་གཟི་བྱིན་སླར་ཡང་གླེང་།།

རྩོམ་ཡིག་འདི་ཐེངས། 481 བཀླགས་འདུག

Screen Shot 2016-04-23 at 2.58.43 AM

རྒྱལ་ཀུན་གསང་གསུམ་འོད་ཀྱི་འཁོར་ལོ་གཅིག་ཏུ་འཛུམ་པའི་གོང་བུ་ལས།།
མཁྱེན་དཔྱོད་ཟླ་དཀར་རླབས་ཀྱི་ཕྲེང་བ་སྐྱེ་དགུའི་ཕྲག་པར་འཛུམ་པའི་གཟི།།
གསོ་བྱེད་སྨན་གྱི་ལྗོན་པས་མཛེས་པའི་དབེན་པའི་གནས་ཀྱི་རྩེར་འཕགས་ཏེ།།
བཀའ་གསུང་བོན་གྱི་སྒོ་བརྒྱ་འབྱེད་མཁས་སྨྲ་སེང་བླ་མར་བརྟན་བཞུགས་གསོལ།།

སྙིགས་མའི་རྒུད་པ་གདོང་དུ་ཕྱོས་པས་རྒྱལ་གཤེན་མིག་ཆུས་སྦང་བའི་སྐབས།།
བརྩོན་འགྲུས་ལྕགས་ཀྱི་རྟ་ཕོར་ཞོན་ཏེ་ཨུ་ཚུགས་ལ་རྒྱས་སྲབ་ལ་འཐམས།།
མཐའ་ཡངས་ཤེས་བྱའི་ཐང་ཆེན་བརྒལ་ནས་གཞུང་ལུཊ་བརྒྱ་ཡི་གསང་བ་བརྟོལ།།
སྨྲ་བའི་སེང་གེའི་མཚན་གྱི་ཅོད་པཎ་ལྷ་ཆེན་ཚངས་པས་ཁྱེད་ལ་གཏད།།

སྐལ་བཟང་དཔྱིད་དཔལ་མེ་ཏོག་ཕྲེང་བས་གནམ་ས་སྦྲེལ་བའི་དུས་ཀྱི་ཆར།།
ལྷ་དང་བཅས་པས་འགྲོ་བ་ཀུན་གྱིས་བཀའ་དྲིན་གཞལ་མེད་གསེར་རིའི་ཕོན།།
དད་གསུམ་སྙིམ་པའི་རྩེ་མོས་འདེག་བཞིན་ཀི་བསྭོ་དབྱངས་ཀྱིས་སྣེ་དྲངས་ཏེ།།
སྲིད་གསུམ་རྒྱལ་བའི་རྒྱལ་མཚན་མཐོན་པོ་བླ་མ་དགྱེས་པའི་རྟེན་དུ་འབུལ།།

གང་སྐུ་ཟླ་དཀར་འོད་ཀྱི་དཀྱིལ་འཁོར་འགྲོ་ཀུན་རྒྱ་མཚོའི་དཔལ་ཡོན་དང་།།
ཁྱད་པར་རང་ཅག་བོན་འབངས་བྱེ་བའི་སྙིང་གི་ཁུང་བུར་བཞུགས་པའི་བླ།།
ཚེ་ཡི་རྒྱལ་པོའི་ཐུགས་རྗེས་མ་ཆུང་དཔོན་གསས་བླ་མའི་སྐུ་གསུང་ཐུགས།།
གཏན་དུ་མི་འགྱུར་གཡུང་དྲུང་ཁམས་སུ་རྟག་ཏུ་བཞུགས་པའི་བཀྲ་ཤིས་ཤོག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *