མི་ཚེ།

མི་ཡི་ཚེ་ནི་སྐད་ཅིག་འཇིག་པ་སྟེ།། གློ་བུར་རྩྭ་ལོའི་སྟེང་གི་ཟིལ་བ་འོ།། སྨུག་པའི་གཏིང་ནས་སྣང་བའི་དཀར་ངོགས་སུ།། ཐག་ཉེ་ཐག་ཉེ་བཅར་བའི་རྨི་ལམ་དགོས།། ། མི་ནི་ཁ་དོག་ནང་གི་ཁ་དོག་སྟེ།། ཚོར་བ་སོབ་སོབ་ཅིག་གི་མི་འོང་བས།། བྲང་ལ་རུས་པའི་མེ་ཏོག་སྐྱེ་བའི་ཕྱིར།། སྲིད་པའི་གྲོང་ནས་འཕག་འཚག་ལན་མང་རྒྱོབས།། ། འཁོར་བ་འདི་ནི་གར་ཁང་གཅིག་པུ་སྟེ།། སྐྱིད་ན་དབྱངས་ཀྱིས་རང་ཉིད་འགྲེལ་ས་དང་།། སྡུག་ན་མིག་ཆུས་རང་ཉིད་འགྲེལ་ས་སྟེ།། རང་གི་ཕོར་པ་རང་གིས་གཉོར་ས་ཡིན།། ། ཚེ་ནི་མི་སྡོད་གློ་བུར་བཞུད་འགྲོ་བས།། ད་ཞག་དུས་ཚོད་མཆི་བའི་བར་གླགས་སུ།། ངེད་ཅག་རིག་པས་ཀླན་ཀ་ཕབ་པ་ཡིས།། རང་ཉིད་དགུང་དུ་འདེག་པའི་ང་རྒྱལ་མཁོ།། ། བདག་ཀྱང་མི་ཞིག་ཡིན་པའི་ཨུ་ཚུགས་ཀྱིས།། མུན་པའི་ཁ་ངོ་བཞེངས་པའི་མུན་པ་དག། ཚོར་བའི་དབྲག་ནས་ག་ལེར་གཞོལ་བ་ཡིས།། ཉིན་ཡང་རྨི་ལམ་འཁྲུག་རྒྱུའི་སྐད་ཆ་དགོས།། ། མི་ཡི་ཚེ་ནི་སྒྲོན་མེ་འབར་འཕྲོ་མིན།། འབྱུང་འགྱུར་དཔལ་འབར་བཞིན་དུ་གདེག་བྱ་སྟེ།། འོད་ཀྱི་གཤོག་པས་གནམ་འཕང་བཅད་པ་ཡིས།། ང་ཚོར་གློ་བ་འབར་བའི་སྒལ་ཚིགས་མཁོ།། ། མི་ནི་སྤྱིར་བཏང་བ་ཡི་ཅ་ལག་མིན།། ཚེ་ཡང་གློ་བུར་སྐྱེས་པའི་མེ་ཏོག་གང་།། འཁོར་བ་ཨ་ཙ་མ་ཡི་སྲང་གཞུང་ན།། ང་ཚོར་མཁོ་བ་གསེར་གྱི་རྐང་རྗེས་སོ།། ། ཚིག་རིས་མེ་ཏོག་ཇི་ལྟར་བསླས་ན་ཡང་།། ཚོར་བའི་གཏན་ཚིགས་ཇི་ལྟར་རྣོ་ཡང་རུང་།། སྒྱུ་མའི་ཟློས་གར་འབེལ་བའི་སྲང་ལམ་ན།། མི་ལ་མཁོ་བ་སྒལ་ཚིགས་གཅིག་པུ་ཡིན།། །། ༢༠༡༦།༡།༨ཉིན་གྲུབ། །

ཏི་སེའི་ཞོལ་གྱི་གསང་བ།

/ ལྷ་ནས་འཐེན་པའི་དམུ་ཐག་རིང་མོ་ཆུ་བཞི་འདུས་པའི་མགོ་ལ་ཐིམ།། སྤུངས་སོ་བཏབ་པའི་བརྡ་ཆད་ཁ་ཡིག་གཡུང་དྲུང་བརྩེགས་པའི་ཟུར་དུ་ལྷག། གྱེར་དང་གདངས་ཀྱི་མན་ངག་རོལ་ཆ་ལྷ་ཀླུ་མི་ཡི་ཡུལ་དུ་དཀྲོལ།། ཆབ་དཀར་ཆབ་ནག་གླེགས་བམ་རལ་པོ་སྒོ་ཕུག་བར་པའི་བྲག་ལ་གབ།། །

ད་ལོའི་བདག་གི་འཐུས་ཤོར་དགུ།

  སྐྱིད་ཟ་སྐྱིད་ཉལ་གདན་དཀར་འདབ་མའི་སྟེང་།། འདོད་པའི་འཕུར་ལྡིང་རྩེན་པའི་གཤོག་འགྱུའི་གླུ།། ལེ་ལོ་རྣ་བས་རྩི་རུ་མ་བླངས་པར།། དོན་ལྡན་སྦྲང་རྩིར་འབད་པ་འཐུས་ཤོར་གཅིག །