ཨེ་མ་དགེའོ་ནམ་མཁའ་གནོན།

།   / མཁྱེན་དཔྱོད་ཟླ་བའི་མ་མ་ལས།། ལེགས་པར་འཁྲུངས་པའི་ཆུ་ཐིགས་རེས།། མཁས་དགུའི་མགྲིན་པ་ནེམ་བྱེད་པའི།། དབྱངས་ཀྱི་ཆུ་བོ་འདི་ན་བྲུག། །

ལོ་ཟླའི་ཁུད་ཀྱི་མྱི།

མྱི་འདི་ཚོ དུས་ཚོད་ཀྱི་སྣེ་ནས་འདྲུད་ཀྱིན་ཡོད དངངས་སྐྲག་དང་འཇིགས་སྣང་ཅི་ཡང་མེད་པར མིག་གིས་མཐོང་ཚད་ལ་ལག་པས་སྙོབ་བཞིན་ཡོད གཏེར་ཆུ་འཐུང་འཕྲོ་ལྟ་བུའི་མི་ཚེ་ལྷག་མ་དེ འཕངས་སེམས་གང་ཡང་མེད་པར་ས་རུ་ཟག་བཞིན་འདུག ཐིགས་པ་རེ་རེ གྲག་འགུལ་ཅི་ཡང་མེད་པར་ས་གཞིར་སིམ་འགྲོ ། མྱི་ཚོགས་འདི་ཚོ ལོ་ཟླ་ཡི་ཁུད་ནས ཁ་བ་དང་ལྷན་དུ ཆར་བ་དང་མཉམ་དུ རེ་འགས་དགའ་སྤྲོའི་གླུ་དབྱངས་ལེན ལ་ལས་སྡུག་གི་འོ་དོད་འབོད ། ནམ་ཞིག་གི་ཚེ གྱོང་ངོས་ཀྱི་བརྡ་ཁྱབ་རྙིང་བ་དེ་བཞིན རླུང་འཚུབ་ཅིག  རྒྱུགས་ཐེངས་གཅིག་གིས ཡོད་ཚད་ནམ་མཁའི་ཁམས་སུ་སྤུར་སོང་ན སྐབས་དེར གླུ་དབྱངས་ཀྱི་སྒྲ་ཁོ་ན་ཡིན་ནམ སྨྲེ་ངག་གི་སྒྲ་གཅིག་པུ་རེད ཡང་ན་དེ་གཉིས་གང་ཡང་མིན་པའི་དབྱངས་ཤིག་ཡིན / ༡༦།༡༢།༢༤། ཉིན་མཇུག་གྲུབ།

མདོ་སྨད། མཁས་པའི་ཕ་ས། གྲུབ་པའི་འབྱུང་གནས།

། ། རྨ་ཆེན་གངས་རིའི་དབུ་རྩེ་རུ། ། ཉི་ཟླའི་རྣ་ཆ་འབར་བ་འདི། ། མདོ་སྨད་ས་ཡི་ཐིག་ལེ་རུ། ། མཁས་གྲུབ་སྐྱེས་བུ་འབྱུང་བའི་རྟགས། །

སྣང་བའི་བྱེའུ་ཆུང་ཀན་ལྷོའི་དབྱིངས་སུ་འཕུར།

། སྨྱུག་ཁ་འཁྱུག་འཁྱུག་ཡིག་འབྲུ་ཤར་ཤར་ཤོག་དཀར་ཁུད་དུ་སེམས་པ་ལྷུང་།། སྣང་བ་བན་བུན་སེམས་པ་མག་མོག་འདུན་མའི་ལུག་ཁྱུ་རི་ལ་ཡན།། ཚོར་བ་རབ་རིབ་རེ་སྙེག་ཐན་ཐུན་སྨུག་པའི་ཡོལ་རས་ཨེན་ཙམ་བདོག། ཡིད་མཚོ་ཤང་ཤང་རླབས་ཕྲེང་ཆལ་ཆིལ་རེ་བའི་གྲུ་ཆུང་མཚོ་ལ་བཏང་།།

སྒྲུང་དང་འདྲ་བའི་སྙན་ངག་ཅིག

། གྱེས་པའི་ལོ་ཟླ་བགྲང་བས་མི་ཐུབ་བསྐལ་པ་སྟོང་གི་ཡར་སྔོན་ཞིག། ངེད་གཉིས་འཁྱམས་པའི་སྐྱེད་ཚལ་གྲུ་བཞིར་ད་དུང་ཁོ་བོ་འདུར་ཞིང་རྒྱུག། ཤེལ་གྱི་མེ་ལོང་རྒྱབ་གཟུགས་དེ་ནས་ཁྱོད་ཀྱི་འདྲ་པར་མཐོང་བར་བརྟེན།། སྒྲ་སྐད་བོར་བའི་མིག་ཆུ་རེ་རེ་མཁུར་ཚོས་འགྲམ་གཞུང་མར་མར་བབས།། །