མདོ་སྨད། མཁས་པའི་ཕ་ས། གྲུབ་པའི་འབྱུང་གནས།

རྩོམ་ཡིག་འདི་ཐེངས། 588 བཀླགས་འདུག

screen-shot-2016-12-22-at-5-39-51-pm

རྨ་ཆེན་གངས་རིའི་དབུ་རྩེ་རུ། །
ཉི་ཟླའི་རྣ་ཆ་འབར་བ་འདི། །
མདོ་སྨད་ས་ཡི་ཐིག་ལེ་རུ། །
མཁས་གྲུབ་སྐྱེས་བུ་འབྱུང་བའི་རྟགས། །
ཁྲི་ཤོར་རྒྱལ་མོའི་རྦ་རླབས་ཀྱིས། །
གནམ་སྔོན་ས་རུ་དྲུད་པ་འདིས། །
མདོ་ཁམས་གསེར་མོའི་ལྗོངས་ཆེན་དུ། །
རྨད་བྱུང་ལོ་རྒྱུས་འབྲི་བ་རྟོགས། །
ཡང་དར་བསྟན་པའི་མེ་རོ་ཆེ། །
གསོ་བའི་མཛད་རྗེས་ཟླ་མེད་པ། །
གཟི་འོད་འབར་བའི་རྡོ་རིང་སྟེ། །
བླ་ཆེན་དགོངས་པ་རབ་གསལ་བྱོན། །
ཤར་ཕྱོགས་རིག་པའི་དཔའ་བོ་ཞེས། །
དབུས་གཙང་གྲགས་པས་ཁྱབ་པ་པོ། །
ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག །
མདོ་སྨད་མཁས་པའི་རུ་འདྲེན་ཉིད། །
རྒྱལ་བས་ལུང་བསྟན་རྒྱལ་བ་བཞིན། །
མཁས་བཙུན་བཟང་པོའི་གྲགས་དཀར་གྱིས། །
ས་ཆེན་ཁྱབ་པའི་ཙོང་ཁ་པ། །
གངས་ཅན་མཁས་པའི་གཙུག་རྒྱན་བྱོན། །
གཡུང་དྲུང་བོན་གྱི་བསྟན་པའི་གསོས། །
མཁས་བཙུན་གྲུབ་པའི་འཁོར་ལོས་སྒྱུར། །
གཤེན་རབ་མི་བོ་གཉིས་པ་སྟེ། །
མཉམ་མེད་ཤེས་རབ་རྒྱལ་མཚན་བྱོན། །
གྲུབ་པ་ཐོབ་པའི་གནས་བརྒྱད་དུ། །
གྲུབ་པའི་དབང་ཕྱུག་བརྒྱད་བྱོན་ཏེ། །
བན་བོན་བསྟན་པའི་རྒྱལ་མཚན་བསྒྲེངས། །
འདི་ཡང་བརྗེད་པར་ཕངས་པ་ལགས། །
མདོ་སྔགས་ལེགས་བཤད་རྩོམ་པ་པོ། །
ཨ་མདོ་འཇམ་དབྱངས་བཞད་པ་ཞེས། །
དགེ་ལྡན་བསྟན་པའི་སྲོག་ཤིང་ཞིག །
ད་དུང་དྲན་བཞིན་ངོ་མཚར་སྐྱེས། །
འཆད་རྩོམ་རྩོམ་པའི་མེ་ཏོག་གིས། །
མཁས་རྒུའི་ཡིད་དབང་འཕྲོག་པ་པོ། །
གུང་ཐང་བསྟན་པའི་སྒྲོན་མེ་ཞེས། །
སྐྱེས་བུ་དམ་པ་ཡང་གཅིག་བྱོན། །
རྒྱ་ནག་གོང་མའི་རལ་བ་ཡང་། །
གདན་དུ་བཏིངས་པ་ཙམ་མིན་པར། །
ལེགས་བཤད་བསྟན་བཅོས་རྩོམ་པ་པོ། །
ལྕང་སྐྱ་རོལ་བའི་རྡོ་རྗེ་བྱོན། །
རང་གཞན་གྲུབ་མཐའི་རྒྱ་མཚོ་རུ། །
ལེགས་བཤད་ནོར་བུའི་མཛོད་བླངས་ཏེ། །
དཔྱོད་ལྡན་འགུག་པའི་དེད་དཔོན་ཆེ། །
ཐུའུ་བཀན་ཆོས་ཀྱི་ཉི་མ་བྱོན། །
མི་ལོ་དུ་མའི་སྒོམ་སྒྲུབ་ཀྱིས། །
མི་ལ་གཉིས་པའི་མཚན་སྙན་འབར། །
མདོ་དབུས་གཉིས་ན་གྲགས་ཆེ་བའི། །
ཞབས་དཀར་ཚོགས་དྲུག་རང་གྲོལ་བྱོན། །
མདོ་སྔགས་ལེགས་བཤད་ཉི་ཟླའི་འོད། །
རྨ་ཆེན་གངས་རིའི་འདབས་སུ་བཀྱེས། །
ཡ་མཚན་གྲུབ་པའི་སྐྱེས་བུ་སྟེ། །
ཨ་རིག་དགེ་བཤེས་ཆེན་མོ་བྱོན། །
མཁས་པའི་དབུས་ན་ཏོག་བཞིན་མཛེས། །
གྲུབ་པའི་དབུས་ན་རྒྱལ་མཚན་བཞིན། །
བཙུན་པའི་མཆོག་གྱུར་བྱ་བཏང་བ། །
རེབ་ཀོང་སྐལ་ལྡན་རྒྱ་མཚོ་བྱོན། །
ཡང་གསང་རྫོགས་པ་ཆེན་པོའི་བསྟན། །
ལེགས་བཤད་ཉི་ཟླའི་འོད་ཀྱིས་གསལ། །
གྲུབ་པའི་འཁོར་སྒྱུར་ཆེན་པོ་སྟེ། །
རྡོ་གྲུབ་བསྟན་པའི་ཉི་མ་བྱོན། །
ཟབ་གསང་གཏེར་ལ་དབང་འབྱོར་ཞིང་། །
མཁའ་འགྲོ་འབུམ་གྱི་ཚོགས་རྗེ་ཉིད། །
ཨོ་རྒྱན་པདྨའི་རྒྱལ་ཚབ་ཆེ། །
ཁྲག་འཐུང་བདུད་འཇོམས་གླིང་པ་བྱོན། །
ཞི་ན་ལེགས་བཤད་འདོད་དགུར་རྩོམ། །
ཁྲོས་ན་དགྲ་བགེགས་མཐུ་ཡིས་སྒྲོལ། །
ཕུར་ཐོགས་སྟོང་གི་བདག་པོ་སྟེ། །
ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་བྱོན།
དཀའ་ཐུབ་ཆེན་པོའི་བརྟུལ་ཞུགས་ཀྱིས། །
སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། །
རི་སུལ་རས་པས་འགེང་བ་པོ། །
ཡབ་རྗེ་གསེར་ཁང་ཆེན་པོ་བྱོན། །
འཆད་ན་ལེགས་བཤད་རྒྱ་མཚོ་བརྡོལ། །
རྩོད་ན་ལུང་རིགས་བང་མཛོད་བསྙིལ། །
རྩོམ་ན་སྙན་ངག་ཆེན་པོའི་གཏེར། །
སྒེའུ་སྟེང་བློ་བཟང་དཔལ་ལྡན་བྱོན། །
དབུས་འགྱུར་ཆོས་ཀྱི་ཞིང་ས་རུ། །
མཁས་རྒུའི་རལ་བ་གདན་དུ་བཏིངས། །
རྒྱ་བོད་གཉིས་ན་གྲགས་ཆེ་བའི། །
རྡོ་སྦིས་ཤེས་རབ་རྒྱ་མཚོ་བྱོན། །
རྒྱ་ཆེན་ཐོས་པའི་གྲུ་གཟིངས་ལ། །
འཆད་རྩོད་རྩོམ་པའི་དར་ཆེན་བཙུགས། །
མཁས་པའི་རྒྱ་མཚོ་འཕྲེད་ཀྱིས་གཤགས། །
མཁས་དབང་དཔའ་རིས་རབ་གསལ་བྱོན། །
བཤད་པས་མཁས་རྒུའི་ཡིད་དབང་ཕྲོགས། །
སྒྲུབ་པས་རྒྱལ་བ་སྲས་བཅས་མཉེས། །
ལམ་རིམ་བསྟན་པའི་བདག་པོར་བཞེངས། །
ཞྭ་དམར་དགེ་འདུན་བསྟན་འཛིན་བྱོན། །
ཐོས་བསམ་རྡོ་རུས་ཐུག་པ་མཛད། །
ལེགས་བཤད་རྨད་དུ་བྱུང་བ་བརྩམས། །
བསྟན་འཛིན་བུ་སློབ་གྲངས་མེད་བསྐྲུན། །
ཨ་ཁུ་ཤེས་རབ་རྒྱ་མཚོ་བྱོན། །
མདོ་སྔགས་བདུད་རྩིས་རབ་མྱོས་ཏེ། །
རྨད་བྱུང་བསྟན་བཅོས་རྩོམ་པ་པོ། །
སྙན་ངག་མཁན་པོའི་ཁྲིར་དབང་པ། །
ཞང་སྟོན་བསྟན་པ་རྒྱ་མཚོ་བྱོན། །
གསེར་དངུལ་ཁྲི་ལ་མ་འགྱིངས་པར།།
ལྟོ་སྐྱ་གོས་ཧྲུལ་མི་ཚེ་ཡིས།།
ལེགས་བཤད་ཐང་མར་བརྡལ་བ་ཡི།།
ཅོ་ནེ་གྲགས་པ་བཤད་སྒྲུབ་བྱོན།།
རྒྱ་བོད་གཉིས་ཀྱི་ས་མཚམས་སུ། །
རྒྱ་ཆེན་ལེགས་བཤད་མཛོད་བཟུང་སྟེ། །
རྒྱལ་བསྟན་སྤེལ་བའི་མཛད་རྗེས་ཅན། །
ཨ་ཀྱ་བློ་བཟང་བསྟན་རྒྱན་བྱོན། །
བཤེས་གཉེན་དམ་པས་རྗེས་བཟུང་བས། །
ཆོས་གྲྭ་ཆེན་པོ་མ་འགྲིམས་ཀྱང་། །
རྨད་བྱུང་ལེགས་བཤད་འདོད་དགུར་བརྩམས། །
འཇིགས་མེད་དམ་ཆོས་རྒྱ་མཚོ་བྱོན། །
མཁས་བཙུན་བཟང་པོའི་འོད་དཀར་གྱིས། །
རྒྱལ་བསྟན་ཀུ་མུད་ཚལ་ཆེན་བསྐྱངས། །
པཎ་ཆེན་སྣང་མཐའི་རིགས་བདག་ཆེ། །
བླ་ཁོ་རྡོ་རྗེ་འཆང་ཆེན་བྱོན། །
རྒྱལ་ཁམས་རིགས་པས་བསྐོར་བ་པོ། །
རྒྱལ་རབས་དེབ་ཐེར་རྩོམ་པ་པོ། །
ཀླུ་སྒྲུབ་དགོངས་རྒྱན་འཆད་པ་པོ། །
མཁས་དབང་དགེ་འདུན་ཆོས་འཕེལ་བྱོན། །
རིས་མེད་མཁས་གྲུབ་དུ་མ་བསྟེན། །
ས་སྟེང་རྒྱལ་བསྟན་བདག་པོར་བཞེངས། །
འཛམ་གླིང་ཞི་བདེའི་དེད་དཔོན་ཆེ། །
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བྱོན། །
གཞན་དབང་མེ་ལྕེ་འབར་བའི་ཀློང་། །
སྙིང་སྟོབས་གོ་ཆ་ལྷུར་བཞེས་ནས། །
བོད་ཁམས་བསྐྱངས་པའི་དཔའ་བོ་སྟེ། །
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་བྱོན། །
བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན། །
ལྔ་རིག་ནོར་བུའི་མཛོད་ལ་དབང་། །
སློབ་བུའི་ཚོགས་ཀྱིས་ས་སྟེང་ཁྱབ། །
ཨ་ཁུ་དམུ་དགེ་བསམ་གཏན་བྱོན། །
ཐ་སྙད་རིག་པའི་གནས་མང་གི །
ལེགས་བཤད་འཆད་རྩོད་རྩོམ་པ་ཡིས། །
ཕྱི་རབས་རྨོངས་པའི་མུན་སེལ་བ། །
ཨ་ལགས་ཚེ་ཏན་ཞབས་དྲུང་བྱོན། །
གསེར་ཁྲིར་བཞུགས་དང་ཁྲི་མུན་འགྲིམས། །
རོ་སྙོམས་འགྲན་མེད་ཐུགས་བསྐྱེད་ཅན། །
སྐྱེས་བུ་སྙིང་སྟོབས་ཆེན་པོ་སྟེ། །
གུང་ཐང་བསྟན་པའི་དབང་ཕྱུག་བྱོན། །
རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི། །
ཆོས་མཛོད་ཆེན་པོའི་སྒོ་ཕྱེས་ཏེ། །
བསྟན་པའི་མེ་རོ་སློང་བ་པོ། །
རྗེ་བཙུན་ལྰ་མོའི་ཡོངས་འཛིན་བྱོན། །
མདོ་སྔགས་ལེགས་བཤད་རྨད་དུ་བྱུང་། །
གསོ་རིག་མཁས་པའི་གཙུག་ན་བརྗིད། །
གནས་བརྟན་འདུལ་འཛིན་ཆེན་པོ་སྟེ། །
དྷྰི་ཚ་ཡེ་ཤེས་རྒྱ་མཚོ་བྱོན། །
གླིང་རབ་གླིང་པའི་ཟློས་གར་ཏེ། །
ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་བདག །
བསིལ་ལྗོངས་མཁས་གྲུབ་རྒྱ་མཚོའི་མགོན། །
མཁན་ཆེན་འཇིགས་མེད་ཕུན་ཚོགས་བྱོན། །
སྐྱེས་སྦྱངས་རྣོ་དབལ་འབར་བ་ཡི། །
གསོ་བ་རིག་པའི་རལ་གྲི་ཡིས།
དུས་མིན་འཆི་ཞགས་གཅོད་པ་པོ། །
ཤིང་བཟའ་ཆོས་ཀྱི་རྒྱལ་མཚན་བྱོན། །
ལྔ་རིག་སྤྱི་དང་ཁྱད་པར་དུ། །
མཚོ་བྱུང་སྙན་ཚིག་རིག་པའི་མཛོད། །
ཚངས་སྲས་བཞད་སྒྲ་རྩོམ་པ་པོ། །
བསེ་ཚང་བློ་བཟང་དཔལ་ལྡན་བྱོན། །
རིག་པའི་གནས་མང་ལེགས་སྦྱངས་ཏེ། །
རིག་པའི་ལེགས་བཤད་འདོད་དགུར་སྦྱིན། །
ཤེས་རིག་མེ་ཏོག་འདེབ་པ་པོ། །
དོར་ཞི་གདོང་དྲུག་སྙེམས་བློ་བྱོན། །
མཁས་དབང་དགེ་ཆོས་ཞབས་བསྟེན་ཏེ། །
སྲོལ་རྒྱུན་ལྷ་རིས་གཞུང་ལ་སྦྱངས། །
སྙན་གྲགས་ཅན་གྱི་སྒྱུ་རྩལ་མཁན། །
ལྷ་བྲིས་ཨ་མདོ་བྱམས་པ་བྱོན། །
རོང་འབྲོག་མི་རབས་ཕྱི་མ་ཚོར། །
ཤེས་རིག་ནོར་བུའི་གླིང་བཙུགས་ཏེ། །
མི་ཚེའི་མདུན་ལམ་སྟོན་པ་པོ། །
ར་རྒྱ་འཇིགས་མེད་རྒྱལ་མཚན་བྱོན། །
སྲོལ་རྒྱུན་གསོ་བ་རིག་པའི་གཞུང་། །
དེང་རབས་ལག་ལེན་ཟུང་སྦྲེལ་ཏེ། །
འཇིགས་མེད་བོད་སྨན་སྲོལ་འབྱེད་མཁན། །
ལྷ་རྗེ་རེབ་གོང་འཇིགས་མེད་བྱོན། །
འདི་རུ་སྨྲོས་དང་མ་སྨྲོས་པའི། །
མདོ་སྨད་མི་སྣ་གྲགས་ཅན་ཚོ། །
གངས་ཅན་བོད་ཀྱི་ལོ་རྒྱུས་ཁྲོད། །
ནམ་ཡང་བརྗེད་དུ་མེད་པ་ལགས། །
མཁས་དབང་ཧོར་གཙང་འཇིགས་མེད་ཀྱི། །
མདོ་སྨད་ལོ་རྒྱུས་ཆེན་མོ་ནི། །
ཨ་མདོའི་སྐྱེས་བུ་དམ་པ་ཚོའི། །
མཛད་རྗེས་གསལ་བའི་མེ་ལོང་ཉིད། །
བདག་ནི་ཐོས་ཉུང་ཤེས་རབ་དམན། །
དཔྱད་གཞིའི་ཡིག་རིགས་སྔོག་ལོང་དབེན། །
འདི་ཙམ་མ་གཏོགས་འབྲི་མ་ནུས། །
ཆོལ་གསུམ་སྐྱེས་བུའི་རྒྱན་དུ་ཕུལ། །
དབུས་གཙང་ཁམས་ཀྱི་ཡུལ་ལྗོངས་སུ། །
མཁས་གྲུབ་སྐྱེས་བུ་མང་བྱོན་པ། །
དེ་དག་མཛད་རྗེས་གླེང་རྒྱུ་ཡང་། །
རང་རེའི་ལས་འགན་ཅིས་མ་ཡིན། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *