སྣང་བའི་བྱེའུ་ཆུང་ཀན་ལྷོའི་དབྱིངས་སུ་འཕུར།
རྩོམ་ཡིག་འདི་ཐེངས། 424 བཀླགས་འདུག
།
སྨྱུག་ཁ་འཁྱུག་འཁྱུག་ཡིག་འབྲུ་ཤར་ཤར་ཤོག་དཀར་ཁུད་དུ་སེམས་པ་ལྷུང་།།
སྣང་བ་བན་བུན་སེམས་པ་མག་མོག་འདུན་མའི་ལུག་ཁྱུ་རི་ལ་ཡན།།
ཚོར་བ་རབ་རིབ་རེ་སྙེག་ཐན་ཐུན་སྨུག་པའི་ཡོལ་རས་ཨེན་ཙམ་བདོག།
ཡིད་མཚོ་ཤང་ཤང་རླབས་ཕྲེང་ཆལ་ཆིལ་རེ་བའི་གྲུ་ཆུང་མཚོ་ལ་བཏང་།།
/
ཉི་འོད་ལམ་ལམ་རླུང་བུ་བསིལ་བསིལ་ཕ་ཡུལ་ཀན་ལྷོའི་དབྱར་གཞུང་མཛེས།།
རི་བོ་མཐོ་མཐོ་ཆུ་བོ་གཙང་གཙང་ཕྱོགས་བཞིའི་མགྲོན་རྣམས་མ་བོས་འདུ།།
མིག་ཟུང་རིག་རིག་མཛུབ་མོ་ཀེར་ཀེར་འཁྲེན་པའི་རི་ཆུར་དགའ་བ་བྲོས།།
སྤང་ལྗོངས་ནེམ་ནེམ་ཆུ་མོ་ཤག་ཤག་སྒེག་ལྡན་ཁྲུང་ཁྲུང་ཁྲུས་ལ་རོལ།།
/
འཛུམ་ཆུང་ལྷུག་ལྷུག་དགོད་སྒྲ་ལྷང་ལྷིང་རོང་འབྲོག་འཚོ་བ་མཚོ་ལྟར་རྒྱས།།
དུ་བ་ལྷོག་ལྷོག་སྦྲ་གུར་ཚོམ་ཚོམ་སྦྲ་ནག་མཛེས་ལ་སྒོ་དར་ཡག།
རི་ལུང་ཀྱག་ཀྱོག་ཕྱུགས་རིགས་མང་མང་སྐར་ཚོགས་ས་རུ་བྲོས་སམ་སྙམ།།
རྫི་གླུ་སིང་སིང་བརྩེ་གདུང་ལམ་ལམ་ཕོ་མོའི་སྣང་བ་དབྱིངས་སུ་འཕུར།།
/
ཞལ་རས་སྒོར་སྒོར་སྐྱེས་གཟུགས་ལྡེམ་ལྡེམ་ཀན་ལྷོའི་བུ་མོ་ཚངས་སྲས་མ།།
མེ་ཏོག་ཆུང་ཆུང་འོད་མདངས་ལམ་ལམ་རེ་སྦྲ་སྨུག་པོའི་གཞི་འཛིན་མ།།
ཆུ་མོ་ཤག་ཤག་བེའུ་ཆུང་རྩེན་རྩེན་སྤང་དཀར་ཐང་གི་ཕྲ་རྒྱན་ཞིག།
སྐྲ་ལོ་ཤིག་ཤིག་རྒྱ་ལྕང་ལྡེམ་ལྡེམ་གཉུག་མའི་གཤིས་ཀ་འཛིན་པའི་མཆོག།
/
ཆོས་སྒྲ་ལྷང་ལྷིང་དུང་བརྡ་སྙན་སྙན་ཞི་བདེའི་ཕྱྭ་གཡང་འགུག་པའི་གནས།།
དགོན་སྡེ་ཁྲ་ཁྲ་མི་ཚོགས་འདུ་འདུ་མཁས་གྲུབ་བྱེ་བའི་གདན་ས་ཞེས།།
མི་བུ་སྐྱེས་སྐྱེས་ཙན་དན་ཏག་ཏག་མངོན་མཐོ་ལྷ་མིའི་རྟེན་བཟང་བརྙེས།།
གཟི་འོད་ལམ་ལམ་སྣང་འོད་ཆེམ་ཆེམ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ།།
/
མི་ཚོགས་ཁྲོམ་ཁྲོམ་འདུ་འཛི་ལང་ལོང་འཕེལ་རྒྱས་སྐྱེན་པའི་རྒྱ་གྲོང་ན།།
གྲོང་ཁྱེར་མཛེས་མཛེས་གློག་འོད་ལམ་ལམ་ལྷ་ཡུལ་གཉིས་པ་འཕོས་སམ་སྙམ།།
ཞེ་མཚོ་ལྟེམས་ལྟེམས་སྐོར་བྲོ་སྒོར་སྒོར་མཛའ་བརྩེའི་གཡུང་དྲུང་རི་མོ་མཛེས།།
མདུན་ལྗོངས་ཟ་ཟི་མཐོང་ལམ་རབ་རིབ་མཚན་མོའི་གྲོང་ཁྱེར་མིག་གི་དཔྱིད།།
/
དགའ་བ་ལྷང་ལྷིང་འཛུམ་ཆུང་ཤིག་ཤིག་མི་རིགས་མཐུན་པའི་ཨ་ལོང་དམ།།
གླིང་ག་སྐྱིད་སྐྱིད་སྤྲོ་གསེང་འཆམ་འཆམ་དབྱར་གྱི་བུ་མོས་དགའ་བ་འཕྲོག།
མགྲོན་པོ་སྤྱོན་སྤྱོན་སྣང་བ་བསོར་བསོར་ཕྱི་ཡི་མཛེས་པར་ཞེན་ཆགས་བཏབ།།
ཆར་བ་ཟམ་ཟིམ་འཇའ་ཚོན་འཛུམ་འཛུམ་མགྲོན་པོའི་གདོང་ལ་སྤྲོ་སྣང་བྲིས།།
/
གསེར་ཞུན་འཁྱིལ་འཁྱིལ་མགོ་ལྕོག་ལྡེམ་ལྡེམ་འབྲས་ལྡན་དུས་ཀྱི་ཞིང་ཁ་ན།།
གླུ་ཆུང་སྙན་སྙན་རེ་བས་བརྟས་བརྟས་འཕྲུལ་ཆས་ལྡན་པའི་ཞིང་འབྲོག་སྐྱིད།།
ཤ་ཤེད་རྒྱས་རྒྱས་རྩྭ་ཆུ་འཛོམས་འཛོམས་སྟོད་ཕྱོགས་འབྲོག་གི་ཕ་ས་ན།།
འབྲོང་གཡག་ཁྱུ་ཁྱུ་ཧུར་སྒྲ་འུར་འུར་རྭ་རྩེའི་སྟོབས་ཤུགས་ས་རུ་བཀོད།།
/
ཁ་བ་དཀར་དཀར་གངས་རི་དཀར་དཀར་ཞེ་ནི་དཀར་བས་རྟེན་འབྲེལ་སྒྲིག།
འདབ་མ་ལྷབ་ལྷུབ་བཀྲག་མདངས་ལམ་ལམ་འདབ་དྲུག་མེ་ཏོག་ས་རུ་བབ།།
ཆུ་མོ་ཤག་ཤག་གྲང་རླུང་འུར་འུར་རྒྱང་རིང་རི་ཆུས་ཕྱིང་དཀར་མནབས།།
ཕྱིང་དཀར་མཛེས་མཛེས་མདོག་ནི་དཀར་དཀར་རི་ཆུའི་གྱོན་པ་ཀ་ཤིའི་རས།།
/
དཔྱིད་དཔལ་ཚེས་ཚེས་ཁུ་བྱུག་སྙན་སྙན་འབོད་པའི་དུང་དཀར་རི་ན་ཡོད།།
གོས་ལྗང་མཛེས་མཛེས་ཅི་ཡང་མཛེས་མཛེས་དུས་བཞིའི་དང་པོ་དཔྱིད་ཀ་ལ།།
འཁྲེང་ཞེན་ཟབ་ཟབ་རེ་བ་སོན་སོན་ཡིད་ལ་རེ་བའི་མེ་ཏོག་འཁྲུངས།།
བསིལ་རླུང་འཇམ་འཇམ་ཉི་འོད་ལམ་ལམ་སྤྲོ་སྐྱིད་ལྡན་པའི་དུས་ནི་རྨད།།
/
བསམ་ཚུལ་ཕྲིས།