བོར་ལ་ཉེ་བའི་སྙན་ངག་དེ་ལ། བདག་པོ་བྱེད་རོགས།
རྩོམ་ཡིག་འདི་ཐེངས། 1312 བཀླགས་འདུག
།
༡༽
ཁ་བ་བུ་ཡུག་བཞོན་ནས་དགུན་གྱི་གྲང་ངར་བསླེབས་བྱུང་།
ང་རང་ཁེར་རྐྱང་ངང་གྲང་ངར་ལ་གདོང་གཏད་དུས།
ཁྱོད་ཀྱིས་ངའི་སེམས་ཁོང་ལ་མེ་དྲོད་བསྒྲོན་མྱོང་ལ།
བརྩེ་དུང་གི་ལམ་ཕྲན་བརྒྱུད་ནས།
མཚོ་སྔོན་པོའི་འགྲམ་ནས་སྙན་ངག་གི་མེ་ཏོག་འཐུ་དུས།།
ང་ཡི་བརྩེ་བ་དེ་ཅི་འདྲའི་གཙང་བ་ལ་ཨང་།
ཐོག་མའི་ལག་རྡང་དེ་ཁྱོད་ལ་བྱས་རྗེས།
ང་ལ་བརྗེད་དུ་མེད་པའི་མཛེས་སྡུག་གི་གཏམ་རྒྱུད་སྦྲུམ་དུ་བཅུག་མྱོང་ལ།
སེམས་པ་དེ་ཁྱོད་ལ་འགྲོགས་རྗེས།
ང་ལ་ལྷན་འཛོམས་ཀྱི་དགོད་སྒྲ་ཡོད་མྱོང་ལ་དྲན་གདུང་གི་ན་ཟུག་ཀྱང་བཞག་མྱོང་།
ངས་རྩོམ་བཞིན་པའི་སྒྲུང་གཏམ་ལ་མི་ཁ་འཁོར་མྱོང་ལ་སྐྱོ་བའི་མིག་ཆུ་འཁྱིལ་མྱོང་མོད།
ངས་བོར་ལ་ཉེ་བའི་སྙན་ངག་དེ་སེམས་ཞོར།
(འདི་དག་ཁྱོད་ལ་གླེང་འདང་ཡེ་ནས་མིན།)
༢༽
སྔོན་ཆད།
ཁྱོད་ཀྱིས་བསྐུར་མྱོང་བའི་འཕྲིན་ཡིག་གི་བདག་པོ་དེ་ང་རང་ཡིན་ལ།
ཁྱོད་ཀྱི་ཁ་པར་ལ་འཁྱིལ་བའི་བརྩེ་བ་དེ་ཡང་ང་རང་ཡིན།
ངས་འབྲི་བཞིན་པའི་སྙན་ངག་དེའི་བརྗོད་བྱ་ཁྱོད་རང་ཡིན་མྱོང་ལ།
ངས་བསྐུངས་ཀྱིན་པའི་ཉིན་ཐོ་ཚན་པ་དེ་ཡང་ཁྱོད་རང་ཡིན་མྱོང་།
ང་ཡི་ཚོར་སྣང་ཞིག་ལ།
ད་བར་ང་ཡི་རྣ་རྩའི་ཁ་པར་གྱི་དྲོད་ཁོལ་ཡལ་ཀྱིན་འདུག
དེ་ནི་ཁྱོད་ཀྱིས་ང་ལ་ཁ་པར་གཏོང་བའི་ཐེངས་གྲངས་ཉུང་སོང་བས་ཡིན་ནམ།
ཡང་ན་ཁྱོད་ཀྱི་ཁ་པར་གྱི་སྐུད་སྣེ་རུ་ཁ་པར་གཞན་ཞིག་གི་བརྩེ་བ་འཁྱིལ་སོང་བ་ཡིན།
ཉེ་བའི་དུས་དེ་དག་གི་ནང་ལ།
ང་ཡི་སེམས་ཁོང་གི་སྙན་ངག་དེ་ཤི་མིན་རོ་མིན་དུ་འདུག
དེ་ནི་འབོར་ལ་ཉེ་བའི་ཁྱོད་རང་འཚོལ་སྟངས་ཤིག་ཡིན་ནམ།
ཡང་ན་ཁྱོད་རང་འབོར་ཤུལ་དུ་ང་ཡི་སྙན་ངག་ཀྱང་འབོར་འགྲོ་བ་ཡིན།
ང་ལ་ཁེར་རྐྱང་དང་རྩེད་ཆས་ཀྱིས་སུན་པོ་བཟོས་སོང་།
ང་ཡི་ཁུ་སུམ་ཁད་ཀྱིས་དཀྲོགས་མཁན་དེ་སུ་ཡིན་གསུང་རོགས།
ང་ཡིས་བོར་ལ་ཉེ་བའི་སྙན་ངག་དེའི་སླད་དུ།
རང་ཉིད་ཀྱི་མིག་ཆུ་ལ་རིན་ཐང་ཡོད་པ་རྟོགས་མི་སྲིད་ལ།
རང་ཉིད་ཀྱི་ལང་ཚོ་ལ་གཟི་བྱིན་འབར་བའང་རྟོགས་མ་མྱོང་།
ང་ལ་ཁ་འཁྱག་ངོ་གནག་གི་དུས་ཚིགས་འདི་ནས།
བོར་ལ་ཉེ་བའི་སྙན་ངག་དེ་བདག་པོ་བྱེད་རོགས།
ངའི་སེམས་ཀྱི་རྐུན་པོ་ལགས།
(དེ་ནི་ཁྱོད་ཁོ་ནས་བདག་པོ་བྱེད་ཐུབ་ཚོད་འདུག)
༣༽
ངའིི་མིག་ཆུ་ལ་སུན་མཁན་ཁྱོད་གཅིག་པུ་ཡིན་སྲིད་དེ།
ང་ཡི་མིག་ཆུ་དྭངས་ཆེད་ཁྱོད་རང་ང་དང་གྱེས་འདོད་ཡང་ཡང་སྐྱེས་མྱོང་ནའང་།
ངའི་མིག་མཐའི་ཕྱི་ནང་ཀུན་ལས།
གྱེས་བྲལ་གྱི་མནར་གཅོད་ཐེབས་པའི་རྨ་ཤུལ་དག
སྡུག་བསྔལ་གྱི་རྒྱ་མཚོར་བསྲེས་ཏེ།
དུས་རྟག་ཏུ་བཞུར་བ་ལ་ཐེ་ཚོམ་ཡེ་ནས་མེད།
ཁྱེད་རང་ང་ཡི་བདེ་སྐྱིད་ཀྱི་དོན་དུ་འབྲལ་ཕོད་ན།
ང་ཡི་བདེ་སྐྱིད་ཀྱི་སླད་དུ་སྔོན་ཆད་བཞིན།
ང་ལ་སྙིང་ཉེ་བའི་སྙིང་གཏམ་འཆད་རོགས།
ང་ཡི་བོར་ལ་ཉེ་བའི་སྙན་ངག་ལ་སེམས་ཁུར་དང་གཅེས་སྤྲས་བྱེད་རོགས།
ང་ཁྱོད་ཀྱི་ནང་སེམས་ཀྱི་ཕ་མཐར་མི་གཡུགས་རོགས།
འཚོ་བ་མ་གཞི་ནས་འགལ་འདུའི་ཕུང་བོ་ཞིག་ཡིན།
དེ་ནི་སུ་ཡིས་ལན་པ་མ་རེད་ཅེས་ཁྱོད་ཀྱིས་བཤད་མྱོང་བ་མ་ཡིན་ནམ།
ང་ཡི་དགའ་སྡུག་དང་ཚིག་མཚོན་དག་ལ་གུ་ཡངས་ཐོངས་དང་།
(ངས་ཀྱང་ཁྱོད་ལ་དགོངས་དག་ཞུ་བཞིན་ཡོད།)
༤༽
ན་ཆུང་མ་ཞིག་གི་ཟུར་མིག་དང་རེ་སྒུག་ཁྱོད་རང་ཡིན་ན།
སྟག་ཤར་བ་ཞིག་གི་བརྩེ་དུང་དང་མཛའ་གཞེས་གྱེར་རོགས།
དེ་ནི་ཁྱོད་དང་ང་ཡི་བརྩེ་སེམས་ཀྱི་ལེའུ་ཡིན་ངེས།
ཁྱོད་རང་ནམ་མཁའི་འཇའ་ཚོན་དང་འདྲ་བར།
གློ་བུར་དུ་ཡལ་མི་འགྲོ་བར་སྨོན།
ཁྱོད་ཀྱིས་དྲི་བ་ཁྲི་ཕྲག་ཅིག་ལ་སྐྱུར་ཁ་མི་བསླད་རོགས།
སྤྲོ་བའི་འཛུམ་མདངས་སྟོན་བཞིན།
ཕུགས་འདུན་གྱི་སླད་དུ་རྒྱང་ལ་ཆས་དུས།
ཁྱོད་ཅིས་ཀྱང་ང་ལ་མཁོ་བའི་སྙན་ངག་དེ་ཡིན་ངེས།
ང་ཁྱོད་ཀྱི་སེམས་རྟེན་བྱེད་ཆོག་ཆོག་ཡིན།
(ང་ཁོ་ནར་སེམས་རྟེན་བྱེད་ཆོག་པར་སྨོན།)
༥༽
མཚན་མོའི་ཟླ་བ་དཀར་ཞིང་གཙང་།
ཁྱོད་ཀྱི་སླད་དུ་ང་ཡི་ཡོད་ཚད་ཟླ་བ་ལྟར་དྭངས་ཤིང་གཙང་།
ཁྱོད་ཀྱིས་ང་ལ་བཅངས་མྱོང་བའི་བརྩེ་བ་དེ་དུང་ཡོད་ན།
ང་ཡིས་མིག་ཆུ་གཏན་ནས་མི་གཏོང་།
མིག་ཆུ་ཡོད་ཚད་འཛུམ་མདངས་ལ་བསྒྱུར་ཆོག
དེ་དུས་མེ་འཁོར་འཛིན་བྱང་ཞིག་ལག་ཏུ་བཟུང་ནས།
གྲོང་ཁྱེར་དང་གྲོང་ཁྱེར་བརྒལ་ཏེ།
མཚོ་སྔོན་པོའི་འདུ་འཛོམས་དང་སྙན་ངག་འཚོལ་དུ་འགྲོ།
(ངས་ཁྱོད་རང་བསུ་རུ་ཡོང་བར་རེ་ཞིང་བསྒུགས་ནས་འདུག)
༦༽
ལྷན་འཛོམས་དང་དགོད་སྒྲ་བསམས་ཏེ།
ཁ་བ་བཞོན་ནས་ད་ལྟ་ཉིད་དུ་ཁྱོད་ཀྱི་གམ་ལ་འཕུར་ན་འདོད་ལ།
ཁྱོད་དང་ང་ཡི་རྒྱང་འཕྲིན་སེམས་ཀྱི་སྙིང་གཏམ་དེ་ལ།
མི་འགྱུར་དམ་ཚིགས་ཀྱིས་མདུད་པ་རྒྱག་ན་འདོད་བྱུང་།
ཕྱིར་དྲན་མཐའ་དག་ལ་འོད་སྣང་འཚེར་ཞིང་།
ལས་དང་བསྐལ་བ་ལ་ཟླ་བ་ཚེས་ངེས་ན།
(ཁྱོད་རང་ང་ཁོ་ནར་དབང་བར་གྱིས།)
༧༽
ཟླ་བ་སྔར་བཞིན་འཆར་བའི་མཚན་ངོགས་འདིར།
ངས་རང་ཉིད་ཀྱི་ནང་སེམས་ལ་ཡང་བསྐྱར་བལྟས་དུས།
ཁྱོད་རང་ཟླ་བ་ལྟར་ད་དུང་ངའི་སེམས་ངོར་འཆར་ཀྱིན་འདུག
ཐེངས་འདིར་ཁྱོད་རང་ཅི་འདྲའི་སྙིང་ཉེ་བ་ལ་ཨང་།
ཐེངས་འདིར་འུ་གཉིས་ཀའི་བར་ཐག་ཅི་འདྲའི་ཉེ་བ་ལ་ཨང་།
ཁྱོད་ཀྱིས་ང་ཡིས་བསྐུར་བའི་ཇ་ཕོར་དེའི་ནང་དུ།
འོ་ཇ་དཀར་པོ་འཐུང་བཞིན་འདུག་ལ།
ང་ཡིས་ཁྱོད་ཀྱིས་སྟེར་བའི་དཔེ་ཆ་དག་བཀླགས་ཟིན་ལ།
ཁྱོད་ཀྱིས་སྟེར་བའི་དོན་ཕྲུག་དེ་རུམ་ནས་ཡོད།
ད་ནས་བཟུང་ངས་སྔོན་ཆད་བཞིན།
ཁྱོད་ལ་ཡིད་རྟོན་དང་ལེགས་སྐྱེས་འབུལ་ངེས།
ཁྱོད་ལ་བརྡ་འཕྲིན་དང་ཁ་པར་གཏོང་ངེས།
ཁྱོད་ལ་སེམས་འགུལ་ཐེབས་པའི་འཕྲིན་ཡིག་འབྲི་ངེས།
མདོར་ན་ངས་ཁྱོད་ལ་རྫོགས་མཐའ་མེད་པ་ཞིག་འབུལ་ངེས།
རྣ་བར་བརླག་ཏེ་ཉིན་མོའི་སྐར་མ་བཞིན་དཀོན་པའི།
ངས་ཁྱོད་ཀྱི་གཟབ་ནན་གྱིས་གླེང་བའི་སྙིང་གཏམ་ལ་ཉན་ནས་འདུག
ངའི་སེམས་ཀྱི་རྐུན་པོ་ལགས།
(བོར་ལ་ཉེ་བའི་སྙན་ངག་དེ་ལ། བདག་པོ་བྱེད་རོགས།)
བསམ་ཚུལ་ཕྲིས།