དུས་ཀྱི་སྐར་ཆེན་ཞིག་ལ་ཕུལ་བའི་སྤུངས་སོའི་མཆོད་པ།

རླབས་ཆེན་མི་སྣ་ཞིག་གི་རྣམ་ཐར་བཀླགས་རྗེེས། ། ཞབས་སེན་གངས་ལ་བརྡུངས་པའི་དབུ་ཁྱུད་ཀྱི་འོད་ཐིཊ།། མདོ་ཁམས་ནོར་འཛིན་འཕང་བའི་ཅོད་པན་ལ་འཁྱུད་དེ།། བགྲང་བྱ་བདུན་གཉིས་བསྣོལ་བའི་ཐོབ་གྲངས་ཀྱི་རི་མོ།། རྐང་བཞིའི་འབའ་ངུར་ཁྲོད་ནས་རི་ཀླུང་ལ་ཟགས་སྐད།། །

སྲིད་པའི་བླ་རི་ཞིག་ལ་ཁ་ཡིག་བཀོད།

།།ཡེ་ནས་དག་པའི་ཤེལ་དཀར་ལྷུན་པོ་འདི།། དགུང་ལ་ཟུག་པའི་སྲིད་པའི་དབུ་རྨོག་ཡིན།། ཞོལ་ནས་བབས་པའི་ཆབ་རྒྱུན་རིང་མོ་དེ།། སྐྱེ་རྒུའི་སྐོམ་གདུང་སེལ་བའི་ཡོན་ཆབ་ཡིན།། ། ལྟོ་ནས་བལྟམས་པའི་གཡུང་དྲུང་འཁྱེར་བ་དེ།། རིམ་དགུའི་སྤོ་ནས་འགྱིང་བའི་མྱི་ཆེན་ཡིན།། ཆབ་དཀར་ཆབ་ནག་བཤོས་པའི་རྒྱུད་པ་དེ།། རིགས་ཀྱི་དམུ་ཐག་འཛིན་པའི་དཔའ་བོ་ཡིན།། ། མཐའ་ནས་གུས་པའི་སོ་སྐྱེས་ཕལ་པ་དེ།། ཁྱེད་ཀྱི་ཞིང་ཁམས་འཚོལ་བའི་གནས་མཇལ་ཡིན།། སོར་བཅུ་ཟུམ་པའི་མཐའ་བཞིའི་མགྲོན་པོ་དེ།། སུམ་ཅུ་རྩ་གསུམ་ཉུལ་བའི་རྐང་ཐང་ཡིན།། ། མདངས་ལ་འཁུ་བའི་གླིང་ལྔའི་གསང་ཉུལ་དེ།། འོད་ཀྱི་ཟིལ་པའི་ཀློང་གི་མེལ་ཚེ་ཡིན།། སྔར་ནས་བོར་བའི་སྤུངས་སོའི་བརྡ་ཆད་དེ།། སྐལ་པའི་ཆོ་རབས་གླེང་བའི་སྨྲ་སྒོ་ཡིན།། ། རྫིང་ནས་བརྡོལ་བའི་ཡོན་ཆབ་དྭངས་མོ་དེ།། མཐའ་བཞིར་རིག་གཞུང་སྐྱེལ་བའི་བང་མི་ཡིན།། གངས་མཚོ་གཡའ་ཡི་འཇིག་རྟེན་མཚར་པོ་དེ།། སྲིད་པའི་འབེལ་གཏམ་འཆད་སའི་དག་ཞིང་ཡིན།། ། བྲག་ལ་གབ་པའི་གླེགས་བམ་རལ་པོ་དེ།། མེས་པོའི་རྐང་རྗེས་འཚོལ་བའི་ར་མདའ་ཡིན།། དུར་གྱི་གཏིང་ན་ལུས་པའི་གཟི་རིགས་དེ།། ལག་རྗེས་གངས་ལ་བཞག་པའི་དཔང་རྟགས་ཡིན།། ། གླིང་གཞིར་བརྡུངས་བའི་གྱི་ལིང་རྨིག་སྒྲ་དེ།། སྲིན་པོ་གདོང་ཚོས་ཅན་གྱི་རོལ་ཆ་ཡིན།། ཕྱོགས་ལ་བཏབ་པའི་དཔའ་བོའི་ཀྭི་བསྭོ་དེ།། སྡང་དགྲ་གློ་སྙིང་གཏོར་བའི་མན་ངག་ཡིན།། ། སྲིད་པའི་གཙུག་ཏུ་ལྡིང་བའི་ཤེལ་དཀར་དེ།། མེས་པོ་གཡུ་རལ་ཅན་གྱི་བླ་རི་ཡིན།། རུ་ཐུར་གནམ་ལ་ཀེར་བའི་འབྲོང་རྒོད་དེ།། ཕ་མེས་སྙིང་སྟོབས་ཅན་གྱི་རུ་མཚོན་ཡིན།། །                     …

ལོ་སར་ལ་ཕུལ་བའི་སེམས་གཏམ་དགུ་ཚིག་མ། 

། དང་པོ།  ནང་མི་ལྷན་འཛོམས་ངང་སེམས་གཏམ་གླེང་བ་ནི་བདེ་སྐྱིད་ཡིན་པ་ཤེས་པར་གནང་།། གཉིས་པ།  ཟས་རིགས་འཕྲོ་བརླགས་མ་བཏང་བར་ངལ་རྩོལ་མི་མང་གི་བཀའ་དྲིན་ཡིད་ལ་དྲན་པར་གནང་།།

གཤེན་ལ་བཏབ་པའི་ཁ་ཡིག 

། ། དམུ་རྒྱུད་ཐེམ་པའི་སྒོ་དར་ལྷབ་སེ་སུམ་རྩེན་ཡུལ་ལ་རྒྱང་ཐག་བཅད།། ཕྱྭ་བཟའ་ནག་མོའི་བྷ་གའི་ཀློང་ནས་དལ་བརྒྱད་འབྱོར་བཅུའི་གྲོང་ལ་ཟགས།། ཏི་སེའི་མདངས་ལ་ལན་མང་འཁུ་བས་སྤུངས་སོ་སྦར་གང་ངེས་མེད་གཏོར།། ཆུ་བཞི་འདུས་པའི་རི་སུལ་ཕར་ནས་ཡར་ཀླུང་སོག་ཀར་དམིགས་གཏད་ཕབ།།

བོན་ལ་བྲིས་པའི་སྙན་ངག

། སྐད་ཀྱི་གཏིང་ནས་ང་རོའི་གདངས་ཤིག་འཐེན།། སེམས་ཀྱི་གསང་ནས་དད་པའི་མེ་ཞིག་འབར།། མཆུ་ཡི་འདབ་མས་འཕྲུལ་གྱི་བརྡ་ཆད་བསྡེབ།། ལྕེ་ཡི་མདུད་པས་ཐེག་ཆེན་བཀའ་གསུང་སྒྲོག། ། རྔ་ཆེན་སྐད་ཀྱིས་སྟོང་གསུམ་གཏི་མུག་དཀྲོག། གཤང་དང་རོལ་མོས་འཇིན་རྟེན་དགོད་སྒྲ་སྦྱིན།། དུང་དཀར་སྒྲ་ཡིས་ངན་འགྲོའི་སྐྱོ་གདུང་སེལ།། ཏམ་བུ་ར་ཡིས་འགྲོ་དྲུག་བདེ་བར་བཀོད།། ། གྱེར་གྱི་གདངས་ལས་གནའ་བོའི་དབྱངས་ཤིག་མངོན།། བམ་པོའི་གསེང་ནས་ཆབ་དཀར་ཆབ་ནག་བརྡོལ།། ལེའུ་བར་ནས་སྒོ་བཞི་མཛོད་ལྔ་འཁྲུངས།། མཐིང་ཤོག་ཧྲག་ནས་ཚལ་དམར་སྤུངས་སོ་ལུད།། ། ཞྭ་དཀར་རྩེ་ནས་ཐུགས་རྗེའི་ལྕགས་ཀྱུ་གུག། གཡུང་དྲུང་རིས་ལས་སྲ་བརྟན་བཀའ་ཞིག་མངོན།། ཟན་གྱི་གཏོར་མས་འཚེ་མེད་ཐབས་ཤིག་བསྟན།། གཙང་མའི་མཆོད་ཆུས་ཉོན་མོངས་སྒྲིབ་པ་འཁྲུ།། །                         ༢༠༡༥/༡༠/༢༣