གཤེན་ལ་བཏབ་པའི་ཁ་ཡིག 

རྩོམ་ཡིག་འདི་ཐེངས། 1616 བཀླགས་འདུག

IMG_9695

དམུ་རྒྱུད་ཐེམ་པའི་སྒོ་དར་ལྷབ་སེ་སུམ་རྩེན་ཡུལ་ལ་རྒྱང་ཐག་བཅད།།

ཕྱྭ་བཟའ་ནག་མོའི་བྷ་གའི་ཀློང་ནས་དལ་བརྒྱད་འབྱོར་བཅུའི་གྲོང་ལ་ཟགས།།

ཏི་སེའི་མདངས་ལ་ལན་མང་འཁུ་བས་སྤུངས་སོ་སྦར་གང་ངེས་མེད་གཏོར།།

ཆུ་བཞི་འདུས་པའི་རི་སུལ་ཕར་ནས་ཡར་ཀླུང་སོག་ཀར་དམིགས་གཏད་ཕབ།།

ལག་རིང་བསྲིང་བའི་སྦར་ཉུལ་ཧྲག་ནས་རྐང་བཞིའི་རྨིག་སྒྲ་རྒྱང་ལ་བོར།།

ལས་ཀྱིས་བཏབ་པའི་ཐ་ཚིག་བར་ནས་ཉང་ཆུ་གཙང་པོ་མར་དུ་དེད།།

ཕལ་པའི་བློ་ངོར་ལྷ་འདྲེ་འཐབ་པའི་གཡུལ་ས་བཤམས་ཏེ་རྫུ་འཕྲུལ་མོད།།

ཀོང་མོའི་ཆགས་དྲིས་ལན་གཅིག་བརླན་ཏེ་སྤུན་སྲིང་བརྒྱད་ཀྱི་ས་བོན་ཕུལ།།

ཕྱིས་ལ་བཞག་པའི་རྩེ་གསུམ་རི་དེར་རྐང་རྗེས་འབུམ་ཕྲག་ལ་ཐོད་བཅིངས།།

སོར་བཅུ་ཟུམ་པའི་འདབ་མ་ལང་ལོང་ལམ་ཕྲན་གྱ་གྱུའི་རྒྱན་དུ་བཏགས།།

ལྷ་སྒྲུང་རིང་མོའི་གཏམ་རྒྱུད་ཀློང་ནས་དད་པའི་རླབས་རྒྱུན་ཡལ་བ་མེད།།

ཕྱྭ་དང་གཡང་གི་དྲེག་པའི་དབར་ནས་ཕ་མྱེས་རུས་རྡོར་སྣུམ་ཚིལ་མངོན།།

ཞབས་གཉིས་བཀོད་པའི་ལེའུ་བར་དུ་ཆབ་དཀར་ཆབ་ནག་ཟླ་མཚན་ལུད།།

གཡུང་དྲུང་འཛིན་པའི་སོར་ལྔའི་རྩེ་ནས་སྤུངས་སོ་ཐར་ཐོར་བོན་ལ་སྦྱིན།།

ཕྱྭ་སྣང་འཕྲུལ་གྱི་རིག་གཞུང་ཐམ་ཀ་བོད་ཀ་གཡག་དྲུག་གཞིས་ལ་ལུས།།

རིམ་དགུ་བརྩེགས་པའི་ཐ་སྙད་གསོན་པོ་གངས་ཀྱི་མུ་ཁྱུད་བར་དུ་ལྷུང་།།

འབྲི་གཡག་ར་ལུག་ཚེ་སྲོག་བཅོམས་པའི་གཤེད་མ་ཁག་ཅིག་གྲོགས་སུ་བཀུགས།།

གཏོ་ཡི་གཏོར་མས་ལྷ་འདྲེ་གསོན་པོར་གནམ་ལོ་གསར་པའི་སྡེར་ཁ་བཤམས།།

མི་ཡི་རྣམ་རྟོག་ལྕགས་ཟྭ་ནག་པོར་གསེར་གྱི་ལྡེ་མིག་རྡུང་ལ་མཁས།།

ཆིག་ཁྲིའི་སྔོན་གྱི་གཏམ་རྒྱུད་ཀློང་གི་བོད་མི་ཁྱེད་ལ་ཁ་ཡིག་ཙམ།།

                                     ༡༠༡༦/༡/༢༣དགོང་མོར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *