གནའ་བོའི་ཞང་ཞུང་སྐབས་ཀྱི་འདུལ་བའི་འདུས་སྡེ་ལི་མུར་ལྷ་རྩེའི་གནའ་ཤུལ།།

རྩོམ་ཡིག་འདི་ཐེངས། 297251 བཀླགས་འདུག

 

AD4B45CA-B926-41C2-861C-0691A565D4A0C463C1DC-22DD-47D1-8551-F0DB2BBA563CCCA76712-571F-4EAB-B4B3-28E851F0F3C8

 

་་་་་་་་་་་་་འདིར་ལི་མུར་ལྷ་རྩེའི་མཚམས་སྦྱོར་ཉུང་བསྡུས་ཤིག་བྱེད་པར་བྱེད་པར་ལི་ངུར་དང་། ལེ་ངུར། ལི་མུར་བཅས་དག་ཆ་འབྲི་སྲོལ་མི་འདྲ་བ་འདུག་པས་ཁོ་བོས་ལི་མུར་ཞེས་བྲིས་ནས་སྙམ་པ་ཡིན། ཞང་ཞུང་ཡུལ་དུ་འདུལ་བའི་བསྟན་པ་ཐོག་མར་དར་བའི་ཚུལ་ནི། འདུལ་རྒྱུད་རྣམ་དག་ཤེལ་གོང་མ་ལས། གདུང་སོབ་མུ་ཆོའི་ཞལ་སློབ་མཁས་བཙུན་མང་། དེ་ནང་མཆོག་གྱུར་དམུ་ཙ་ཏྲ་ཧེ་ནི། སེམས་ཉིད་ཡེ་ཤེས་སྤྱན་ལྔའི་མངོན་ཤེས་ལྡན། མཚན་ལྡན་ཁྱེའུ་བཞིའི་ཞལ་གཟིགས་གཙུག་གཤེན་རྒྱལ། སློབ་དཔོན་མཛད་དེ་དྲང་སྲོང་རྒྱལ་བས་མཁན། རྨ་ལོ་གཡུ་ལོས་དཔང་པོ་ལོ་ཙ་མཛད། རབ་བྱུང་ཞུས་ཏེ་བྲག་དགོན་དཀའ་ཐུབ་བཟུང་།དེ་སློབ་རིམ་པར་ལྷང་ལྷང་གཙུག་ཕུད་ཀྱིས། འདུལ་བ་རྒྱུད་དྲུག་ཡིག་སྣ་བཏབ། འདུལ་བའི་རྣམ་འབྱེད་མིག་ཅེས་གྲགས། དྭངས་པ་ཡིད་རིང་གིས་མངོན་པ་སྡེ་བཞི་ཡིག་སྣ་མཛད། དྲི་མེད་གསལ་བའི་མེ་ལོངས་ཞེས་གྲགས། དགྲ་བཅོམ་པ་དྲུག་གི་འཁོར་བྱུང་། ཐུགས་ཀར་ཡེ་ཤེས་ཀྱིས་ལས་ཁྲིམས་བཞི་བཅུའི་ཕྱག་ལེན་མཛད། གསལ་བའི་སྒྲོན་མ་ཞེས་དང་། དགུང་རུམ་ཡེ་ཤེས་ཀྱིས་གཙུག་ཕུད་ཅན་འཁོར་སྟོང་ལས་བརྒལ། འོད་ལྷ་གསལ་འབར་གྱི་དུས་ཆེན་སྡེ་བཟུང་། རྫུ་འཕྲུལ་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་གདུང་ཤ་རི་རམ་ལྔ་བརྒྱ་གདན་དྲངས་བོད་དུ་བྱོན། དེ་ཡན་རྟག་གཟིགས་མཁན་བརྒྱུད་དོ། །ཡེ་ཤེས་ཚུལ་ཁྲིམས་ཀྱིས་རྫུ་འཕྲུལ་ཡེ་ཤེས་ཞལ་མཇལ། གཡུང་དྲུང་ཚུལ་ཁྲིམས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ། གཡུང་དྲུང་ལྷ་རྩེའི་གསས་ཁང་བཞིངས་འདུ་ཚོགས་བསྐྱངས། གཙུག་ཕུད་ཚུལ་ཁྲིམས་ཀྱིས་རོམ་པོ་དཔལ་གྱི་རིར། གཡུང་དྲུང་བརྩེགས་པའི་གསས་ཁང་འདུ་གནས་བཞིངས། སྡེ་བཞི་ཡ་བརྒྱད་སྟོན་པ་བཞིན་ཕྱེ། དེ་གསུམ་ཞང་ཞུང་མཁན་བརྒྱུད་ཡིན། ཞེས་སོགས་གསུངས།

་་་་་་་་་་་་་་གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེའི་ཆགས་རབས་མདོར་བསྡུས་ལས།   དེ་ཡང་དང་པོ་རི་མཐོ་ས་གཙང་མ་ཞང་ཞུང་དང་། །བོད་ཀྱི་སའི་ཆ་གླང་པོའི་གཙུག་ལྟར་མཐོ་ཞིང་ཕྱོགས་ཐམས་ཅད་གངས་རིའི་ར་བས་བསྐོར་བའི་ལྗོངས་སུ་མཁས་པ་དང་། །གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་བྱུང་བ་ལས། ཐོག་མར་བསྟན་པ་སྔ་དར་གྱི་དུས་ཀྱི་ཆེས་སྔ་དར་གྱི་སྐབས་སུ་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་གཞན་པའི་ཆོས་ལུགས་མི་གཅིག་པ་མེད་པས། ཞང་བོད་ཁམས་གསུམ་དུ་རྒྱལ་གཤེན་མཆོད་ཡོན་སྡེ་གཉིས་པོ་འཕེལ་རྒྱས་ཆེ་ཞིང་བཤད་སྒྲུབ་རབ་ཏུ་དར་སྟེ། དེ་ཡང་སྔར་སྟོན་པའི་སྐུས་འདུལ་བའི་དུས་བོད་དུ་བྱོན་སྐབས་བོད་དུ་ལྷ་གསོལ་དང་ཡུག་ཕུད་ཙམ་གྱི་རྒྱུ་བོན་ཕྲན་ཚེག་འགའི་ལུང་ཕོག སླད་དུ་རྒྱུ་འབྲས་ཀྱི་བོན་རྣམས་དར་བའི་བྱིན་བརླབས་ལུང་བསྟན་གནང་། །ཞང་ཞུང་དུ་འབུམ་ཆེན་སྡེ་བཞིའི་བོན་གསུངས། །དེ་རྗེས་གསུང་གི་བསྟན་པའི་ནང་ཐོག་མར་ཞང་ཞུང་དུ་འདུལ་བའི་བསྟན་པ་དར་བ་ཡིན་ཏེ།དེང་སྐབས་རབ་བྱུང་བཅུ་དྲུག་པའི་ཆུ་བྱི་འདི་ཡན་མི་ལོ་བཞི་སྟོང་དྲུག་བརྒྱ་ལྷག་གོང་དུ། སྟག་གཟིག་ནས་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཕེབས་ནས་བསྟན་པའི་དབུ་བརྙེས་ཚུལ་བསྟན་བྱུང་དུ་བཤད་པ་ལྟར་ལ། དེ་འཛིན་འདུས་པའི་སྡེ་རབ་ཏུ་མང་བར་འཕེལ་ཏེ། ཐོག་མར་སྤོས་ངད་ལྡན་པའི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡེང་བོན་ཕུག་ཏུ་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་དེ་ནི་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས་དང་། ཡེ་ཤེས་ཚུལ་ཁྲིམས་བླ་སློབ་ཀྱི་གདན་ས་ཡིན་ཅིང་མཁན་པོའི་ཞབས་རྗེས་ཀྱང་དེང་སང་དགོན་ཤུལ་གྱི་ཉེ་རིའི་བྲག་སྟེང་དུ་ཡོད། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ། གཡུང་དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ་དགྲ་བཅོམ་སྟོང་ཕྲག་དང་ལྡན་པ་ཞང་ཞུང་མཁན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བཏབས། དེ་བཞིན་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་ལྡེབས་སུ། གཡུང་དྲུང་མཆོག་སྟེང་གི་དགོན་པ་གནས་བརྟན་སྟོང་དང་དྲུག་བརྒྱ་ལྡན་པ་ཞང་ཞུང་མཁན་པོ་ཁྲི་འབར་གཙུག་ཕུད་ཀྱིས་བཙུགས། ལྷོ་ཕྱོགས་ཧྲོམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་འདུས་སྡེ་ཆེན་པོ། དགེ་འདུན་སྟོང་ཕྲག་ལྷག་ལྡན་གཙུག་ཕུད་ཚུལ་ཁྲིམས་ཀྱིས་བཞེངས།

གདན་ས་ཆེན་པོ་དེ་བཞིས་གཙོས་གཞན་ཡང་ཤར་ཕྱོགས་ཧོར་སྟོད་ཏྲག་ཅུང་གི་གཡས་རིའི་ལུང་པར་ལེ་ངུར་ལྷ་རྩེའི་དགོན་པ། མ་པང་མཚོ་ཤར་སེ་བ་ལུང་དགོན་བཀྲ་ཤིས་རྩེ། གསེར་བྲག་བྱ་སྐྱིབས་ཅན་ན་གཡུང་དྲུང་བཀོད་པའི་ལྷ་སྡེ། ཞེས་འཁོད་པ་དང་།  གངས་ཏི་སེའི་དཀར་ཆག་ཚང་དབྱངས་ཡིད་འཕྲོག་ལས།  དེ་ལས།  དེ་ལྟར་དུ་ཡང་གུང་རུམ་གཙུག་ཕུད་ཀྱི་སློབ་མ། དྲང་སྲོང་རྫུ་འཕྲུལ་ཡེ་ཤེས་ཞེས་བྱ་བ་དེས། ཞང་ཞུང་སྤོས་ངད་ལྡན་པའི་ཤར་ཕྱོགས། ལ་མོར་རྡོ་ཡི་ཁང་བུའི་གླིང་(ལི་མུར་ཟེར)དུ། དགྲ་བཅོམ་གཡུང་དྲུང་སེམས་དཔའི་འདུས་སྡེ་ཆེན་པོ་སྟོང་ཕྲག་དུ་མ་རུ་བསྟན་པ་སྤེལ་ལོ། །དེའི་དུས་སུའང་ཞབས་ནས་འདེགས་པའི་རྒྱལ་པོ། ཞང་ཞུང་ཙི་ནའི་ཡུལ་སྤོས་རི་ངད་ལྡན་གྱི་རྩ་བ། གྲོང་ཁྱེར་སྟག་སྣ་གླིང་(བོན་རི་སྟག་སྣ་རོང་ཟེར)གི་དབུས། སྟག་སྣ་དབལ་གྱི་རྫོང་མཁར་ཞེས་བྱ་བ་དེ་རུ། སྟག་སྣ་གཟི་བརྗིད་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་ཉིད་དོ། །ཞེས་སོགས་ཞང་ཞུང་ཡུལ་དུ་འདུས་སྡེ་ཆེན་པོ་བརྒྱད་ཀྱི་སྐོར་གྱི་ས་གནས་གསལ་བར་འཁོད་ཡོད།

་་་་་་་་་་་་་་ང་ཚོ་འབྱུང་ལྡན་སུམ་བརྒྱ་ལྕགས་བྱི་ལོའི་ཟླ་བཅུ་པའི་ཚེས་དང་སྤྱི་ལོ་༢༠༢༠-༡༠-༢༠ཉིན།. གྲོགས་ཚུལ་ཁྲིམས་བསྟན་པ། བསྟན་པ་ཕྲིན་ལས། བུ་ཆུང་། འོད་ཟེར། བཀྲ་ཤིས། བསྟན་པ་རྣམ་རྒྱལ། བསོད་ནམས་ཚེ་རིང་། སྟེང་ཆེན་གནས་སྐོར་བ་གཉིས་དང་བཅས་ང་ཚོ་རྟ་མཆོག་ཁ་འབབ་ཆུ་འགོ་བྱེ་མ་གཡུང་དྲུང་དང་། ཆུ་མིག་འཐུང་བ་རང་གྲོལ་དུ་གནས་མཇལ་དུ་ཕྱིན་ཞིང་།    ལམ་དུ་ཡུལ་དེའི་ཡུལ་མི་རྒད་པོ་གཉིས་ཡུལ་རྒད་པོ་གཉིས་ཐུག་བྱུང་བས། ལི་མུར་ལྷ་རྩེ་དགོན་པ་ཆགས་ཤུལ་ས་ཆ་གང་དུ་ཡོད་པ་རེད།  ཅེས་དྲིས་པས་ཁོང་གཉིས་ཀྱིས་ལེ་མུར་ལྷ་རྩེ་དགོན་པའི་ཤུལ་གྱི་ས་གནས་ལམ་རྒྱུས་བཤད་བྱུང་ཞིང་། ལི་མུར་རམ་ལེ་ངུར་ལྷ་རྩེ་ཞེས་མིང་རང་འཇགས་སུ་གནས་འདུག  ང་ཚོ་ས་གནས་དེའི་ཕྱོགས་སུ་ཕྱིན་པས་ལམ་ནོར་ཅུང་ཙམ་ཐེབ་མོད་མི་གཞན་དང་ཐུག་ཅིང་ལམ་ཏག་ཏག་བཤད་བྱུང་བས། ཕྱི་དྲོ་ཆུ་ཆོད་བདུན་པ་ཉི་མ་མ་འགྲིབ་ཙམ་ལི་མུར་ལྷ་རྩེ་དགོན་པའི་གནའ་ཤུལ་ལ་སླེབས།   ལི་མུར་ལྷ་རྩེའི་དགོན་ཤུལ་ནི་ད་ལྟ་སྤུ་ཧྲེང་རྫོང་ཧོར་ཤང་མ་པང་མཚོའི་ཤར་ཏྲག་ལུང་པར་ཏྲག་གི་ན་བ་དམར་ལྡེང་གི་ཕུ་ལ་ལུང་ལག་ཆེ་ཤོས་གཉིས་ཡོད་པར་བྱང་ངོས་ཀྱི་ལུང་པའི་ཕུའི་ཉིན་ངོས་ཀྱི་བྲག་གསེང་ལ་འདུག  དེའང་རི་རྒྱུད་དེར་རི་གདོང་ཆུང་ཆུང་གཉིས་འདུག་པས་དེའི་བྲག་འདབས་དང་།  བྲག་གསེང་།  བྲག་རྩེ་སོགས་ཕར་ཁ་ཚུར་ཀར་ཁང་པ་དང་དང་། མཆོད་རྟེན།  ལྷ་ཐོ་ལྟ་བུའི་བརྩེགས་ཤུལ་ཆུང་ཆུང་གང་སར་ཁྱབ་འདུག་ལ་བརྩེགས་པ་ཕར་ཆེ་བ་དེ་རྡོ་གཡའ་མས་བརྩེགས་འདུག  དེ་བཞིན་ཕུག་པ་ཆུང་ཆུང་ཡ་ཟུང་འདུག རི་གདོང་གཉིས་ཀྱི་ཁུག་སོ་དེར་ན་མ་ཆུང་ཆུང་ཞིག་དང་དེར་ཆུ་འགོ་ཆུང་ཆུང་ཞིག་འདུག སྤྱིར་ལུང་པ་དེར་རྩ་ཆུ་འཛོམས་ཤིང་ཧ་ཅང་ཉམས་དགའ་ཡིད་དུ་འོང་བའི་གནས་བཟང་ཞིག་རེད།  ལྷོ་ནུབ་ཏུ་སྒྲ་བླ་རྒྱལ་མོའི་གངས་རི་མཐོ་ཞིང་བརྗིད་ཅིང་བཤམ་པ་ལྟར་མཛེས་པར་མཐོང་བཞིན་འདུག  མ་པང་མཚོའི་ཤར་སེ་བ་ལུང་དགོན་དང་། གསེར་བྲག་བྱ་སྐྱིབས་དགོན་པ་སོགས་གནའ་བོའི་ཞང་ཞུང་སྐབས་སུ་འདུལ་བའི་འདུས་སྡེ་ཡོད་པར་གསལ་བའི་འདུས་སྡེ་ཕར་ཆེ་བ་ཞིག་ནི་ལོ་རྒྱུས་རིམ་འབྱུང་ལྟར་གྱི་ཆོས་ལུགས་ཁག་གིས་འདུས་སྡེ་ལྟ་བུ་ཆགས་ཤིང་། བོད་བརྒྱུད་ཐུབ་བསྟན་གྱི་མཆོད་རྟེན་བརྩེགས་ཤུལ་དང་མ་ཎི་རྡོ་བརྐོས་ཡོད་པས་གནའ་བོའི་སྐབས་ཀྱི་རྗེས་ཤུལ་གསལ་པོར་མཐོང་ཐུབ་པར་དཀའ་མོ་ཡིན། ལི་མུར་ལྷ་རྩེའི་དགོན་ཤུལ་འདིར་བོད་བརྒྱུད་ཐུབ་བསྟན་གྱི་མཆོད་རྟེན་བརྩེགས་ཤུལ་དང་མ་ཎི་རྡོ་བརྐོས་ཡོད་པ་ང་ཚོས་རྩ་ནས་མ་མཐོང་ཞིང་གནའ་ཉམས་དོད་པའི་རྡོ་བརྩེགས་ཁང་པ་ཤ་དག་ཅིག་རེད།   ས་གནས་འདིར་ཅུང་ལུང་ཁུག་ལྟ་བུར་འདུག་པས་བྲག་བཤམ་དེར་འབྲོག་པའི་འཚེར་ལྷས་བྱས་པ་ལས།   ཕྱིས་སུ་ཆོས་བརྒྱུད་གཞན་དག་ཕར་ཆེར་འདིར་ཆགས་མེད་པ་འདྲ་ཞིག་སྣང་།   དེས་ན་ཁོ་བོས་གནའ་བོའི་ཞང་ཞུང་སྐབས་ཀྱི་འདུལ་བའི་འདུས་སྡེའི་ནང་ཚན་བྲག་དགོན་དཀའ་ཐུབ་ཀྱི་སྡེ་ཞེས་པ་དེ་འདི་ལྟར་ཞིག་ལོས་ཡིན་སྙམ།

་་་་་་་་་་་་་་དེང་དུས་དངོས་གཙོ་སྨྲ་བའི་ཞིབ་འཇུག་པ་མང་དག་ཅིག་གིས་གནའ་བོའི་གཡུང་དྲུང་བོན་ལུགས་སུ་འདུལ་བའི་གཞུང་ལུགས་དང་འདུལ་བའི་སྡེ་ཡོད་པའི་ངོས་འཛིན་མི་བྱེད་པར་ཁས་ལེན་རྒྱུར་ཁག་པོ་ཡིན་མོད། ཡིན་ནའང་བོན་ལ་ཐེག་པ་རིམ་དགུ་ཡོད་པ་ནི་བན་བོན་གཉིས་ཁའི་ལོ་རྒྱུས་ཀྱི་ནང་དུ་ཁས་ལེན་གྱི་ཡོད་པ་ཡོངས་གྲགས་ཡིན་པས། ཐེག་པ་རིམ་དགུའི་ནང་ནས་དགེ་ཐེག་དང་དྲང་སྲོང་ཐེག་པ་གཉིས་འདུལ་བའི་སྐོར་ཤ་དག་ཡིན་པ་བཞིན། སྟོན་པ་གཤེན་རབ་མི་བོས་འདུལ་བའི་རྒྱུད་འབུམ་མང་པོ་གསུངས་བའི་ཚུལ་ཡོད་ལ་ད་ལྟ་བོན་གྱི་བཀའ་དང་བཀའ་བརྟེན་གྱི་ཁྲོད་དུ་འདུལ་བའི་དཔེ་ཆ་མང་པོ་བཞུགས་ཡོད། དེ་བཞིན་སྟག་གཟིག་དང་ཞང་ཞུང་། བོད་དུ་འདུལ་བའི་མཁན་བརྒྱུད་རིམ་པར་བགྲང་རྒྱུ་ཡོད།  ལྷག་ཏུ་གཏེར་དུ་སྦས་མ་མྱོང་བའི་བོན་སྡེ་འདུལ་བ་རྒྱུད་དྲུག་ཅེས་བོན་གྱི་བཀའ་འགྱུར་ཁྲོད་དུ་ད་ལྟ་བཞུགས་ཡོད་ལ།  ཞང་ཞུང་དང་བོད་ཡུལ་དུ་གནའ་བོའི་སྐབས་སུ་འདུལ་བའི་འདུས་སྡེ་རྣམས་ལོ་རྒྱུས་ཁག་ཏུ་འཁོད་པ་དག་ལ་ད་ལྟ་ས་གནས་དངོས་སུ་ངོས་འཛིན་མང་པོ་བྱུང་དང་འབྱུང་མུས་ཡིན་པས།  དར་རྒུད་རབ་ཏུ་བྱུང་མྱོང་བའི་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་ཁྲོད་དུ་གསལ་བའི་ས་གནས་མང་དག་ཅིག་ད་ལྟ་དངོས་སུ་ངོས་འཛིན་བྱེད་ཐུབ་པར་ཡོད་འདུག་པས་འདི་ལས་ལྷག་པའི་དངོས་གཙོ་བས་བདེན་དཔང་སྒྲུབ་སྟངས་གཞན་ཞིག་མེད་སྙམ།

་་་་་་་་་་་་་་་སྤྱིར་བོན་གྱི་འདུལ་བ་ལ་སྡོམ་པའི་ངོས་ལ་དབྱེ་ན། ༡ ཁྲིམས་ཕྲ་རགས་ཀྱི་འབྲས་བུས་སོ་སོ་སྒོ་ཐར་དུ་འདོད་པའི་སོ་སོ་ཐར་པའི་སྡེ་དང་།  ༢སྟོན་པ་སྔ་མའི་བསྟན་པར་ཚོགས་བསགས་ནས་སྟོན་པ་ཕྱི་མའི་ཞལ་མཐོང་བ་དང་དུས་མཉམ་སངས་རྒྱས་འདོད་པའི་དུས་ཆེན་པའི་སྡེ། ༣རྩ་བཞི་སྡོམ་པར་གནང་བཀག་གམ་ཚེའི་སྟོད་སྨད་དུ་གནང་བཀག་ཡོད་པའི་ཕར་ཆེན་པའི་སྡེ། ༤སྡོམ་ཁྲིམས་ཕྱོགས་མཐུན་ཐམས་ཅད་སྤང་བའི་འགོག་པའི་སྡེ་བཅས་བཞི་དང་། ཡང་གནས་ཀྱི་ངོས་ལ་བཤད་ནས།༡ཐོས་པ་སྒྲོ་འདོག་བཅད་པ་བཀའ་གཞུང་ཉན་བཤད་ཀྱི་སྡེ། ༢ཡང་དག་དོན་ལ་འཇུག་པ་ཤིང་དྲུང་དུ་མི་རྟག་པ་བསྒོམས་པའི་སྡེ།  ༣སྒྲུབ་པ་རྩེ་གཅིག་བྱེད་པ་རི་ཁྲོད་ཅོག་པུའི་སྡེ།  ༤རང་སེམས་ཡེང་མེད་དུ་བསྒོམས་པ་བྲག་དགོན་དཀའ་ཐུབ་པའི་དང་བཅས་བཞིའོ།  ཡང་རྟེན་གྱི་སྒོ་ནས་དབྱེ་ནས། ༡དུས་ཁྲིམས་ཡན་ལག་བརྒྱད་བསྲུང་བ་བསྙེན་གནས་ཡན་ལག་གི་སྡེ།  ༢གཏན་ཁྲིམས་སྣ་ལྔ་བསྲུང་བ་ཚུལ་གནས་དགེ་བསྙེན་གྱི་སྡེ། ༣གཙང་ཁྲིམས་ཉི་ཤུ་རྩ་ལྔ་བསྲུང་བ་གཙང་མ་གཙུག་ཕུད་ཀྱི་སྡེ།   ༤བསྲུང་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བ་དག་པ་དྲང་སྲོང་གི་སྡེ་དང་བཅས་བཞིའོ། དེ་རེ་རེ་ལའང་ཕོ་གླིང་མོ་གླིང་ངམ་ཕོ་མོ་རུ་ཕྱེ་ནས་གནས་རིས་སོ་སོར་བགོས་ཤིང་སྡེ་ཚན་དབྱེ་བ་མང་པོ་བགྲང་རྒྱུ་ཡོད།

་་་་་་་་་་་་་་་དེ་ལྟར་གནའ་བོའི་ཞང་བོད་ཀྱི་ལྗོངས་སུ་འདུལ་བའི་སྤྱོད་ཚུལ་ནི། དགོན་སྡེའི་ཆགས་རབས་མདོར་བསྡུས་ལས། དེ་དུས་ཞང་བོད་ཡུལ་ལྗོངས་རྣམས་སུ་ཕྱིའི་ལྷ་རྟེན་གསས་ཁང་དང་མཆོད་རྟེན་གྱི་རིགས་རྣམས་གང་མོས་ཅི་རིགས་བཞེངས། ནང་གི་རྟེན་གསུམ་ནི་སྐུ་བརྙན་བྲིས་འབུར་རིགས་སྟོན་པ་སྤྲུལ་སྐུའི་རྣམ་ཅན་འཁོར་བཅས་དང་། གསུང་རབ་མདོ་འབུམ་གཟུངས་གསུམ། ཐགས་རྟེན་སྐུ་གདུང་ཆག་ཤིང་ཧོ་རུ་གཞི་སྐུར་སོགས་བསྐྲུན། རྣམ་དག་འབུམ་དང་མདོ་ཡི་སྐོར་ལ་ཀློག་འདོན་འབྲི་བ་སོགས་བྱེད། མཆོད་པ་རྣམ་པ་ལྔ་དང་སྒྲ་སྙན་རོལ་མོའི་ཚོགས་ཀྱིས་མཆོད། གོས་སྔོན་པོ་མིན་པ་མི་གྱོན་ཏེ། ཚུལ་གོས་པད་ལོ་རིས་དྲུག་ཀྱང་སྔོན་པོའི་རིགས་ལས་བསྐྲུན་པ་གྱོན། དགེ་སྤྱོད་བོན་ལ་བྱེད། ལས་སྤྱོད་ཚུལ་ལ་གནས། བར་ཆད་ས་ཚ་མཆོད་གཏོར་གྱིས་སེལ། དོན་སྤྱོད་ཕར་ཕྱིན་བཅུ་ལ་སྤྱོད། གྱེར་བོན་སྡེ་བཅུ་གཉིས་ལ་བྱེད། རྗེ་ཡི་སྐུ་འཚོ། བློན་གྱི་བུ་གསོ། དད་པ་ཅན་ཚུལ་ཁྲིམས་ལ་གཞུག ཤི་བ་སྐྱབས་བསྔོ་དང་མཆོད་སྦྱིན་གྱིས་འདྲེན་པའོ།  །ཞེས་གསུངས་སོ། ། ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་བཏུས་པའོ།།

དཔྱད་གཞིའི་ཡིག་ཆ། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན།

རྩོམ་ཀྱི་ཡོང་ཁུངས། ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་མདོ་སྔགས་གྲགས་རྒྱས་གླིང་རྩོམ་སྒྲིག་ཚོགས་ཆུང་།

སྒྲིག་འགོད་པ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།

ལྟ་ཞིབ་པ།  ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་མདོ་སྔགས་གྲགས་རྒྱས་གླིང་རྩོམ་སྒྲིག་ཚོགས་ཆུང་།

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *