དགྱེས་སྟོན་བསུ་བའི་དབྱངས་སྙན་ཨེར་སངས་ལྷ་མོའི་བཞད་སྒྲ།

རྩོམ་ཡིག་འདི་ཐེངས། 2391 བཀླགས་འདུག

IMG_7679

གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གི་

སྐལ་བཟང་དགྱེས་སྟོན་དུ་ཕུལ་བའི་དབྱངས་སྙན་ཨེར་སངས་ལྷ་མོའི་བཞད་སྒྲ།

/

༼རྒྱལ་གཤེན་བོན་སྒྲ་༽རྩོམ་སྒྲིག་ཚོགས་པས་གུས་འདུད་དང་བཅས་ཕུལ།

/

རྒྱལ་བསྟན་སྨན་གྱི་ལྷུན་པོའི་རྩེ་མོར་ལུང་རྟོགས་ཟླ་བ་དཀར་པོའི་གཟུགས།།

མངོན་པར་ཤར་བའི་བཀྲ་ཤིས་མཆོད་སྤྲིན་གླིང་བཞིའི་ཁྱོན་དུ་འཕྱུར་བའི་དུས།།

དྲུག་འགྱུར་པི་ཝཾ་སོར་མོས་ཉུག་སྟེ་ལྷ་མི་དགྱེས་པའི་རོལ་དབྱངས་ཤིག

ངེད་ཅག་སྙིང་གི་སྦུབས་ནས་དྲངས་ཏེ་ཨེ་མ་ཧོ་ཞེས་དབྱངས་སུ་འགུག

/

སྐྱབས་དང་མགོན་ཞེས་བོས་པའི་ཚེ་ན་སྙན་གྱི་དར་ལུང་མདུན་དུ་གཏོད།།

མཆོད་ཆང་བསིལ་མ་གནམ་ལ་བཏེག་ན་བར་སྣང་ཁམས་ནས་དགྱེས་སྡེ་མོ།།

མདུན་ནས་སྐོར་ཞིང་རྒྱབ་ནས་འཁྱུད་པའི་གཤེན་རབ་བསྟན་སྲུང་གཙོ་མོ་སྟེ།།

མི་མཆོག་སྲིད་པའི་རྒྱལ་མོ་ལ་སོགས་བསྟན་སྐྱོང་སྡེ་དྲུག་འདིར་གསན་མཛོད།།

/

ལྷ་དང་བླ་མའི་བྱིན་རླབས་རྒྱ་མཚོ་རྣམ་དག་གངས་རིའི་ཀློང་ནས་བབས།།

བོན་འབངས་བྱེ་བའི་སྙིང་གི་ཡོལ་གོར་ཆབ་དང་འོ་མའི་ཚུལ་གྱིས་སྦྲན།།

མགོན་པོ་གང་གི་སྐུ་བསོད་རླུང་རྟ་གླིང་བཞིར་རྒྱས་པའི་འཕྲིན་ལས་ལ།།

ལྷ་དང་སྲུང་མའི་ཐུགས་དམ་ཟབ་མོ་གཡེལ་བ་མེད་པའི་དུས་ལ་བབས།།

/

མགོན་པོ་གང་ནི་བོན་བསྟན་རྒྱ་མཚོ་ཕྱག་གིས་སྐྱོར་བའི་རྨང་རྡོ་ཡིན།།

མགོན་པོ་གང་ནི་ལུང་དང་རྟོགས་པའི་བསྟན་པ་འཛིན་པའི་ཡུ་བ་ཡིན།།

མགོན་པོ་གང་ནི་བཤད་དང་གྲུབ་པའི་རྒྱལ་མཚན་སྐྱོར་བའི་གྲུ་བ་ཡིན།།

མགོན་པོ་གང་ནི་གསང་གསུམ་བོན་གྱི་མཛོད་སྒོ་ཆེན་པོའི་ལྡེ་མིག་ཡིན།།

/

མགོན་པོ་གང་ནི་གྲུབ་མཐའ་ཀུན་ལ་དག་སྣང་གསལ་བའི་ཤེལ་སྒོང་ཡིན།།

མགོན་པོ་གང་ནི་བདག་སོགས་སྐྱེ་རྒུའི་ལམ་སྣ་སྟོན་པའི་སྒྲོན་མེ་ཡིན།།

མགོན་པོ་གང་ནི་མ་གྱུར་འགྲོ་རྣམས་པང་དུ་གཉོར་བའི་སྐྱེད་མ་ཡིན།།

མགོན་པོ་གང་ནི་བོན་པོ་ཚང་གི་མཚན་སྙན་འདེགས་པའི་བླ་རི་ཡིན།།

/

མགོན་པོ་གང་ནི་དཔོན་གསས་བླ་མའི་ཞལ་གདམས་སྐྱོར་བའི་གསེར་ཕོར་ཡིན།།

མགོན་པོ་གང་ནི་ཞང་བོད་མེས་པོའི་ཁྲག་རྒྱུན་སྐྱོང་བའི་ལམ་ཆེན་ཡིན།།

མགོན་པོ་གང་ནི་སྒང་པ་ཚང་གི་གནའ་རབས་ཤེས་བྱའི་དེད་དཔོན་ཡིན།།

མགོན་པོ་གང་ནི་ཡབ་མེས་བགྲེས་པོའི་བརྩན་ས་འཛིན་པའི་མིག་དཔེ་ཡིན།།

/

མགོན་པོ་གང་ནི་དེང་རབས་ཤེས་བྱའི་འོད་སྣང་སྤར་བའི་གློག་སྒྲོན་ཡིན།།

མགོན་པོ་གང་ནི་གནའ་བོའི་གླེགས་བམ་སྲོག་ལས་གཅེས་པའི་དཔའ་བོ་ཡིན།།

མགོན་པོ་གང་ནི་གནའ་དེང་ཤེས་བྱའི་གཤོག་ཟུང་རློབས་པའི་ཁྱུང་ཆེན་ཡིན།།

མགོན་པོ་གང་ནི་མི་རིགས་ཤིག་གི་རྐང་རྗེས་འཚོལ་བའི་རྒྱང་མཐོང་ཡིན།།

/

མགོན་པོ་གང་ནི་མདོ་སྡེ་ས་བཅུའི་ཐེམ་སྐས་བསྐྲུན་པའི་ཕྱག་མཚན་ཡིན།།

མགོན་པོ་གང་ནི་སྔགས་སྡེ་རིམ་གཉིས་ནམ་མཁར་འབྲི་བའི་གསེར་སྨྱུག་ཡིན།།

མགོན་པོ་གང་ནི་སེམས་སྡེ་ཉག་གཅིག་བདག་གིར་སྟོན་པའི་མེ་ལོང་ཡིན།།

མགོན་པོ་གང་ནི་མདོ་སྔགས་རྫོགས་གསུམ་རྒྱུད་པ་ཀུན་གྱི་འདུས་སོ་ཡིན།།

/

མགོན་པོ་གང་ནི་སོ་སོར་ཐར་པ་སྡོམ་ཁྲིམས་གཙང་མའི་སྲོག་ཤིང་ཡིན།།

མགོན་པོ་གང་ནི་གསང་བ་སྔགས་ཀྱི་དམ་ཚིག་འབུམ་གྱི་གཞི་མ་ཡིན།།

མགོན་པོ་གང་ནི་བྱང་ཆུབ་སེམས་ཀྱི་ཟབ་དོན་གསལ་བའི་རྒྱ་མཚོ་ཡིན།།

མགོན་པོ་གང་ནི་རིགས་དང་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོའི་བྱེད་པོ་ཡིན།།

/

མགོན་པོ་གང་ལ་རི་རྒྱལ་བཞིན་དུ་བརྟན་ཅིང་རླིང་བའི་གཤིས་ཀ་ལྡན།།

མགོན་པོ་གང་ལ་རིས་སུ་མེད་པར་བདག་གཞན་སྤྱོད་པའི་སྙིང་རྗེ་ལྡན།།

མགོན་པོ་གང་ལ་ཁྱོད་དང་ང་ཞེས་ཆགས་སྡང་གཅོད་པའི་རལ་གྲི་ལྡན།།

མགོན་པོ་གང་ལ་བོན་གྱི་རྒྱལ་མཚན་གླིང་བཞིར་སློང་བའི་ཐབས་ཤེས་ལྡན།།

/

རྒྱལ་བའི་སྐུ་ལུས་གསེར་གྱི་ལྷུན་པོ་བརྟན་ཅིང་སྐུ་ཁམས་དངས་བ་དང་།།

རྒྱལ་བའི་གསུང་ངག་བོན་གྱི་ཆར་བས་སྐལ་ལྡན་ཞིང་ས་རྒྱས་པ་དང་།།

རྒྱལ་བའི་ཐུགས་རྗེ་བྱམས་དང་བརྩེ་བས་སྐྱེ་དགུར་རིས་སུ་མེད་པ་དང་།།

རྒྱལ་བའི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་སྲིད་པ་གསུམ་དུ་ཁྱབ་འགྱུར་ཅིག

/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *