དགྱེས་སྟོན་བསུ་བའི་དབྱངས་སྙན་ཨེར་སངས་ལྷ་མོའི་བཞད་སྒྲ།

གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གི་ སྐལ་བཟང་དགྱེས་སྟོན་དུ་ཕུལ་བའི་དབྱངས་སྙན་ཨེར་སངས་ལྷ་མོའི་བཞད་སྒྲ། / ༼རྒྱལ་གཤེན་བོན་སྒྲ་༽རྩོམ་སྒྲིག་ཚོགས་པས་གུས་འདུད་དང་བཅས་ཕུལ། / རྒྱལ་བསྟན་སྨན་གྱི་ལྷུན་པོའི་རྩེ་མོར་ལུང་རྟོགས་ཟླ་བ་དཀར་པོའི་གཟུགས།། མངོན་པར་ཤར་བའི་བཀྲ་ཤིས་མཆོད་སྤྲིན་གླིང་བཞིའི་ཁྱོན་དུ་འཕྱུར་བའི་དུས།། དྲུག་འགྱུར་པི་ཝཾ་སོར་མོས་ཉུག་སྟེ་ལྷ་མི་དགྱེས་པའི་རོལ་དབྱངས་ཤིག།། ངེད་ཅག་སྙིང་གི་སྦུབས་ནས་དྲངས་ཏེ་ཨེ་མ་ཧོ་ཞེས་དབྱངས་སུ་འགུག།། /

༧རྟོགས་ལྡན་ཁྲི་བ་ཚང་། ཁྱེད་གཟིམས་སྔ་སོང་། 

། བརྡ་འཕྲིན་གློག་ཞགས་འཁྱུག་པའི་ངོས་ནས་བླ་མ་དམ་པའི་སྐུ་པར་མཇལ།། མི་སྙན་ཚིག་ཚོགས་འཕྲེང་བའི་བར་དུ་ཞིང་ཁམས་གཞན་དུ་ཕེབས་སོང་ཞེས།། རྒྱང་རིང་ཞིག་ནས་ངུ་འབོད་ཚོགས་ཀྱིས་བདག་གི་རྣམ་ཤེས་ཧད་ཀྱིས་དཀྲོཊ།། ཕང་སེམས་སྐྱོ་གདུང་མུན་པ་ནག་པོས་འཇིག་རྟེན་ཡོད་ཚད་མོག་པོར་བརྫིས།། ། རྒྱལ་གཤེན་བསྟན་པའི་དབུ་འཕང་མཐོན་པོ་ཨ་སྔོན་གནམ་ལ་ཁྱེད་ཀྱིས་བསྟད།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རིང་མོ་ཕྱོགས་བཞིའི་ཁྱོན་དུ་ཁྱེད་ཀྱིས་ཕྱར།། ལུང་རྟོགས་བདུད་རྩིའི་ཆུ་རྒྱུན་གཙང་མ་གདུལ་བྱའི་སེམས་སུ་ཁྱེད་ཀྱིས་བསྩལ།། གཡུང་དྲུང་བསྟན་པའི་དེད་དཔོན་ཉིད་ཀྱི་བཀའ་དྲིན་སུས་ཀྱང་གཞལ་དུ་མེད།། / རྨོངས་མུན་བསྲེག་པའི་མེ་ལྕེ་དམར་པོ་དབང་ཕྱོགས་ཆུ་ལྷའི་པང་དུ་གཟིམས།། རིན་ཆེན་ས་ཡི་རང་ཚུགས་བརྟན་པོ་ས་བདག་རྒད་པོས་ཐེངས་གཅིག་གཡོས།། ཡར་ཀླུང་གཙང་བོའི་རླབས་སྒྲ་སྙན་མོ་དགུན་ངར་འཁྱག་གིས་སྦུབས་སུ་བཙུད། མི་མཐུན་རྒུད་པའི་ཕྱེ་མ་གཏོར་བྱེད་རླུང་བུ་འཇམ་པོའི་གཡུག་མཚམས་ཆད།། / སངས་འཕགས་རྣམས་ཀྱང་གདུལ་བྱའི་ཁམས་ལ་མི་རྟག་སྒྱུ་མའི་རོལ་རྩེད་དམ།། རེ་ཞིག་བདེར་གཤེགས་རྒྱལ་སར་འགྲིམས་པའི་ལམ་དང་སྲོལ་ཞིག་མཆིས་ན་ཡང་།། ནམ་ཞིག་བདག་ཅག་འགྲོ་བའི་ཚོགས་རྣམས་རྗེས་ཆགས་བརྩེ་བས་མི་འདོར་བར།། འཁྲུལ་བྲལ་ཡང་སྤྲུལ་ཉིན་བྱེད་གཞོན་ནུས་བསྟན་པའི་རྒྱལ་མཚན་རྒྱུན་སྐྱོངས་ཀྱེ།། / གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་རྔ་ཡུལ་རྟོགས་ལྡན་དགོན་གྱི་བླ་མ་༧ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོ་མཆོག་དགོངས་པ་གཞན་དུ་གཤེགས་པའི་གནས་ཚུལ་ཐོས་རྗེས་མགོན་པོ་གང་གི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ལ་དཔྱད་གསུམ་དག་པའི་ལམ་ནས་དད་པའི་མེ་ཏོག་རང་སར་གྲོལ་བའི་སྐལ་བཟང་འབྲས་བུ་སྙིང་ཁར་སིམ་པ་བྱ་འཕུར་བླ་མ་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས་༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་།༽གི་རང་ཤག་ལྔ་རིག་སྨྲ་བའི་གྲུ་ཆུང་དུ་བྲིས་ཏེ་ཕུལ་བ་འདིས་༧དཔལ་ལྡན་བླ་མ་དམ་པའི་བྱིན་རླབས་ཀྱི་འོད་སྣང་སྙིང་ལ་འཐིམ་ཞིང་། འཁྲུལ་བྲལ་ཡང་སྤྲུལ་ཉིན་བྱེད་གཞོན་ནུའི་མཁྱེན་རབ་ཡེ་ཤེས་ཀྱི་དཔལ་ཡོན་ལ་ནམ་ཞིག་ལོངས་སུ་སྤྱོད་པའི་སྨོན་འདུན་དང་བཅས་ཏེ་ཕུལ།།