༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽གི་རེ་ཞུའི་གསལ་བསྒྲགས།

  ༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽གི་རེ་ཞུའི་གསལ་བསྒྲགས། ། ༅༅།། བསྟན་ལ་ལྷག་བསམ་རབ་དཀར་མདོ་དབུས་ཁམས་གསུམ་གྱི་གཡུང་དྲུང་སྤུན་གྲོགས་ཡོངས་ལ་ཞུ་རྒྱུར། / འདི་ག་(རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་༽གིས་མི་རིང་བར་ཨ་རིའི་གྲོང་ཁྱེར་San Franciscoརུ་གཡུང་དྲུང་བོན་གྱི་བཀའ་དང་། བཀའ་བརྟེན། གནའ་དེང་མཁས་པའི་གསུང་འབུམ་སོགས་བོན་གྱི་དཔེ་ཆ་སྣ་མང་བཞུགས་གནས་༼རྒྱལ་གཤེན་དཔེ་མཛོད་ཁང་༽ཞེས་པ་ཞིག་སྒོ་འབྱེད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ཡིན། དེ་ལུགས་བཞིན་ད་ལན་གུས་པས་ཆེད་དུ་རེ་སྐུལ་ཞུ་རྒྱུར། བོན་གྱི་མཁས་པའི་གསུང་འབུམ་དང་། དེ་བཞིན་བོན་དང་འབྲེལ་བའི་དཔེ་ཆ་”དེབ་གཟུགས་”སུ་དཔར་བསྐྲུན་ཟིན་པ་རྣམས་འབྲེལ་ཡོད་ནས་ཚར་རེ་སྐྱབས་འཇུག་གནང་བའི་འབོད་བསྐུལ་ཞུ་བཞིན་ཡོད། འདི་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཁྱད་ནོར་རིན་ཐང་དང་བྲལ་བ་རྣམས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ངོ་སྤྲོད་དང་ཁྱབ་སྤེལ་ཁོ་ནའི་ཆེད་དུ་ཡིན། དེས་ན་ཞུ་ཧམ་དུ་མི་དགོངས་པར་ཕྱག་དཔེ་རྣམས་བྱ་འཕུར་བླ་མ་ཀུན་བཟང་རྒྱལ་མཚན་ལ་འབྲེལ་གཏུགས་རྒྱུད་ཁྲི་འདུ་成都གྲོང་ཁྱེར་དུ་འབྱོར་ཐབས་གནང་རོགས་ཞེས་ཀྱང་གུས་འདུད་དང་བཅས་ཞུ་བའོ།། །།

ནུབ་ཕྱོགས་འགྲིམས་པའི་རྐང་རྗེས། [ལོ་ངོ་དྲུག་རིང་།]

༼རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་།༽ www.gyalshen.org      [རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་]ནི་ཞང་བོད་མེས་པོ་དག་གི་ཤ་གསེང་དང་རུས་གསེང་ནས་བཞུར་བའི་རྩ་ཆེའི་ཤེས་རིག་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུའི་འོས་འགན་རང་རེ་བོད་མི་སྤྱི་སྒེར་སོ་སོའི་ཕྲག་ཏུ་ལྗིད་ཏིག་གེར་ཡོད་པ་ངོས་ཟིན་པའི་སྒོ་ནས་ཚོགས་པ་འདི་ཕྱི་ལོ་༢༠༡༢ལོར་ཨ་རིའི་སྲིད་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། འདས་པའི་ལོ་ངོ་དྲུག་གི་རིང་ཁོ་བོས་དངོས་དང་དྲ་ལམ་གང་རུང་བརྒྱུད་ནས་ནུབ་ཕྱོགས་པ་རྣམས་ལ་བོན་གྱི་མདོ་སྔགས་རྫོགས་གསུམ་དང་། འབྱུང་རྩིས། དེ་བཞིན་སྐད་ཡིག་རིག་པ་སོགས་རང་ཉིད་ཀྱི་དུས་ཚོད་དང་བསྟུན་ཏེ་ཁྲིད་པ་དང་།  མཚམས་རེར་རང་རེའི་དགོན་སྡེ་ཁག་གི་མཁན་པོ་དང་། དཔོན་སློབ། དགེ་བཤེས། དེ་བཞིན་ཆེད་མཁས་མི་སྣའི་རིགས་འདི་གའི་སློབ་ཚོགས་སུ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་དང་རིག་གཞུང་ཁྱབ་སྤེལ་གྱི་ཕྱོགས་ནས་ཞང་བོད་ཤེས་རིག་གི་བསྟན་པར་སྲི་ཞུའི་བྱ་བ་མི་དམན་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ད་ཆར་ཚོགས་པའི་གཞི་རྒྱ་ཅུང་རྒྱ་ཆེ་རུ་བཏང་ནས་ཨ་རིའི་ནང་ཁུལ་དང་ཡོ་རོབ་སོགས་སུ་རྒྱལ་གཤེན་གྱི་ཡན་ལག་ཁག་ཅིག་འཛུགས་བཞིན་ཡོད།