ཕྱག་འཚལ་བའི་ཀུན་སློང་དང་ཕན་ཡོན།

རྩོམ་ཡིག་འདི་ཐེངས། 3817 བཀླགས་འདུག

Refuge_Treeཕྱག་ཅེས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཕྱག་པས་ན་ཕྱག་ཟེར་ཏེ། སེམས་ལུང་ལས། ལྷ་ཕྱག་དག་ནི་ཕར་བཙལ་ན།། སྒྲིབ་པ་དག་ནི་ཚུར་ལ་ཕྱག།  ཅེས་གསུངས་པས་དོན་རྟོགས་སླའོ།། ཕྱག་ལ་དབྱེ་ན་གསུམ་སྟེ།  ལུས་ཀྱི་ཕྱག ངག་གི་ཕྱག ཡིད་ཀྱི་ཕྱག་དང་གསུམ་དུ་ཡོད་དེ། སྙན་རྒྱུད་ཨ་གསལ་ཉམས་ལེན་ལྔ་སྐོར་ལས། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།། ཞེས་སོ།། དང་པོ་ལུས་ཀྱི་ཕྱག་ནི། བོན་ལུགས་ལ་སྒུར་ཕྱག་དང་། རྐྱང་ཕྱག་གཉིས་སུ་ཡོད་དེ། དང་པོ་སྒུར་ཕྱག་ནི། མགོ་དང་། ལག་པ་གཉིས་དང་། རྐང་པ་གཉིས་བཅས་ཡན་ལག་སྨད་ལྔ་སྟེ། ལུས་ཀྱི་སྟངས་སྟབས་ནི། མགོ་ལག་རྐང་གསུམ་ས་ལ་གཏུག་པའི་སྲོལ་ཡོད་དེ། མདོ་ཡན་ལག་བརྒྱད་པ་ལས། མགོ་དང་ལག་དང་རྐང་པའི་པུས་མོ་དང་། ཡན་ལག་སྨད་ལྔས་རབ་ཏུ་ཕྱག་འཚལ་ལོ། ཞེས་དང་། གཉིས་པ་རྐྱང་ཕྱག་ནི། ལུས་ཐག་ཤར་རྐྱང་པ་ལྟར་བྱེད་པ་སྟེ། མ་རྒྱུད་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས། སྒོ་གསུམ་གུས་པའི་རྟུལ་ཤུགས་རྐྱང་ཕྱག་གིས།། ཞེས་པས་རྟོགས་ནུས་སོ།།

ངག་གི་ཕྱག་ནི། ངག་གི་བཟླས་བརྗོད་སྒྲ་དག་ཚིག་གསལ་དུ་སྨྲ་བ་སྟེ། མདོ་ཡན་ལག་བརྒྱད་པ་ལས། ངག་སྙན་དབྱངས་ཀྱི་གདུང་བ་སྣ་ཚོགས་ཀྱིས། གསུངས་པ་ལྟར་བྱ།
ཡིད་ཀྱིས་ཕྱག་འཚལ་བའི་ཀུན་སློང་ནི། རང་གིས་ཚེ་རབས་དཔག་མེད་ནས་བསགས་པའི་མ་རིག་ལོག་ཕྱོགས་ཀྱི་སྡིག་སྒྲིབ་ཅི་མཆིས་པ་རྣམས་སྐྱབས་ཀྱི་ཡུལ་དམ་པ་<དཀོན་མཆོག་གསུམ་ནི། བླ་མ་དཀོན་མཆོག སངས་རྒྱས་དཀོན་མཆོག བོན་དཀོན་མཆོག ཡང་ན། གཡུང་དྲུང་གནས་བཞི་སྟེ། བླ་མ། སངས་རྒྱས། བོན། གཤེན་རབ་བམ་སེམས་དཔའ་>རྣམས་ཀྱིས་ཐུགས་རྗེའི་གཟིགས་ཤིང་། རང་རྒྱུད་ཀྱི་མི་དགེའི་ཉེས་ཚོགས་ཐམས་ཅད་སྐྱབས་གནས་ཁྱེད་རྣམས་ཀྱི་ཐུགས་རྗེས་སྦྱོང་དུ་གསོལ་ལོ། སྙམ་པའི་འདུན་པ་དེ་དང་མི་འབྲལ་བའི་ངང་ནས། ཚིག་བཤད་ནི། གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ། དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན། སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན། གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆི། ཞེས་རྗོད་ཀྱིན་འདུན་པ་དེ་དང་མ་འབྲལ་བའི་སྒོ་ནས་ཕྱག་འཚལ་ལ། ཕྱག་འཚལ་བའི་ཕན་ཡོན་ནི། བདེར་གཤེགས་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པ་དང་། IMG_6049གནས་སྐབས་སུ་སོ་སོའི་ལུས་ངག་ཡིད་གསུམ་ལ་བདེ་ཐང་དང་གཟུགས་བཞིའི་འཕྲོད་བསྟེན་ལ་ཆེས་ཕུལ་དུ་བྱུང་ཞིང་། ཕྱི་ནང་གི་འབྱུང་བ་ཆ་སྙོམ་པར་གནས་པའི་ཡོན་ཏན་དང་། མཐར་ཐུག་ཏུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ཚུལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་ལུང་རིག་པ་ཀུན་གྱི་མཐུན་སྣང་གཅིག་ཏུ་བབས་པས་ཡིད་ཆེས་པར་གྱིས་ཤིག། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *