ཕྱག་འཚལ་བའི་ཀུན་སློང་དང་ཕན་ཡོན།

ཕྱག་ཅེས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཕྱག་པས་ན་ཕྱག་ཟེར་ཏེ། སེམས་ལུང་ལས། ལྷ་ཕྱག་དག་ནི་ཕར་བཙལ་ན།། སྒྲིབ་པ་དག་ནི་ཚུར་ལ་ཕྱག།  ཅེས་གསུངས་པས་དོན་རྟོགས་སླའོ།། ཕྱག་ལ་དབྱེ་ན་གསུམ་སྟེ།  ལུས་ཀྱི་ཕྱག ངག་གི་ཕྱག ཡིད་ཀྱི་ཕྱག་དང་གསུམ་དུ་ཡོད་དེ། སྙན་རྒྱུད་ཨ་གསལ་ཉམས་ལེན་ལྔ་སྐོར་ལས། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།། ཞེས་སོ།། དང་པོ་ལུས་ཀྱི་ཕྱག་ནི། བོན་ལུགས་ལ་སྒུར་ཕྱག་དང་། རྐྱང་ཕྱག་གཉིས་སུ་ཡོད་དེ། དང་པོ་སྒུར་ཕྱག་ནི། མགོ་དང་། ལག་པ་གཉིས་དང་། རྐང་པ་གཉིས་བཅས་ཡན་ལག་སྨད་ལྔ་སྟེ། ལུས་ཀྱི་སྟངས་སྟབས་ནི། མགོ་ལག་རྐང་གསུམ་ས་ལ་གཏུག་པའི་སྲོལ་ཡོད་དེ། མདོ་ཡན་ལག་བརྒྱད་པ་ལས། མགོ་དང་ལག་དང་རྐང་པའི་པུས་མོ་དང་། ཡན་ལག་སྨད་ལྔས་རབ་ཏུ་ཕྱག་འཚལ་ལོ། ཞེས་དང་། གཉིས་པ་རྐྱང་ཕྱག་ནི། ལུས་ཐག་ཤར་རྐྱང་པ་ལྟར་བྱེད་པ་སྟེ། མ་རྒྱུད་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས། སྒོ་གསུམ་གུས་པའི་རྟུལ་ཤུགས་རྐྱང་ཕྱག་གིས།། ཞེས་པས་རྟོགས་ནུས་སོ།།