ན་གཞོན་ཡིག་བྲིས་སྒྱུ་རྩལ་བ་བློན་ཚང་བསྟན་ཁོ་མཚམས་སྦྱོར།

བློན་ཚང་བསྟན་ཁོ་ནི། སྤྱི་ལོ་ ༡༩༩༠ ལོར་གནས་མཆོག་རྔ་གཡང་ཕྱུག་མོའི་ཡུལ་དབུས་མཁའ་འགྲོའི་སྨན་གདོང་ཆེན་མོ་ཉེ་འགྲམ། བློན་ཤོག་ཁག་བཞི་ཡི་ནང་ཚན་ཆ་བོའི་རྒྱ་ཚང་སང་ཞེས་པའི་རོང་པའི་ཁྱིམ་གཞིས་ཞིག་ན། དྲིན་ལྡན་ཕ་མ་གཉིས་ཀྱི་བྱམས་པ་དང་བརྩེ་བའི་ཁུད་ནས་མི་ཡུལ་འགྲིམ་པའི་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར་ཞིང། རིམ་བཞིན་ཁོང་ཚང་གི་སྤོ་བོ་དང་སྤོ་མོ་གཉིས་ཀྱིས་གཉོར་སྐྱོང་འོག་ནས་བྱིས་དུས་ཀྱི་འཚོ་བ་སྐྱིད་མོ་རིམ་བཞིན་ལོངས་སུ་སྤྱོད་དེ་ལོ་ངོ་བརྒྱད་ལ་སོན་པ་ན། ས་གནས་དེ་གའི་བློན་ཚང་ཡུལ་ཚོའི་སློབ་ཆུང་དུ་གསར་ཞུགས་བྱས་ཏེ།  རྒྱ་ཡིག་དང་གྲངས་རྩིས་རིག་པ་སོགས་མི་ལོ་གཉིས་ཀྱི་ཡུན་ལ་སྦྱང་ཙམ་བྱེད་མྱོང་།  །་་་་་་་་་་་་་སྤྱི་ལོ་ ༡༩༩༩ ལོར་བོན་གྱི་འདུས་སྡེ་ཆེན་མོ་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ཤིང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རྣམས་གཉིས་ཀྱི་གཙོས་པའི་མཁན་སློབ་དཔང་པོ་བཞི་འདུས་ཀྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་ཤེས་རབ་བློ་གྲོས་གསོལ། ལོ་དེར་ཞང་པོ་ཕུན་ནེ་འམ་དྲང་སྲོང་ལྷུན་གྲུབ་རྒྱ་མཚོ་མཆོག་དགེ་རྒན་དུ་བསྟེན་ནས་རིག་གནས་ཀུན་གྱི་གཞི་མ་འཕྲུལ་ཆེན་ཡི་གེ་བཞི་བཅུའི་ཡིག་རིས་དངོས་འཛིན་ཚུལ་ལ་སློབ་འགོ་བཟུང་པ་ཡིན། སྤྱིར་ངེད་ཚང་གི་ཞང་བོའི་སྒྲིག་གཞི་ལྟར་ན་སྔ་མོ་ནམ་ལངས་ནས་ཆུ་ཚོད་གཅིག་ལྷག་ལ་སྦྱོང་བ་བྱས་རྗེས་ཞོགས་ཇ་བཞེས་པའི་དུས་ཡིན་ལ། ཇ་ཐོག་དེར་ཞང་པོ་ནས་ངེད་སྤུན་མཆེད་ཚང་མར་འདྲ་མཉམ་དུ་སྣུམ་ཀོར་གཉིས་རེ་གནང་སྟེ་གཏོས་ཁ་དང་མཉམ་དུ་བཞེས་རྒྱུ་ནི་ཕལ་ཆེར་སྲོལ་རྒྱུན་ལྟ་བུ་ཡིན་ཞིང་། དེ་ནི་ང་ལ་མཚོན་ན་ཆེས་ཞིམ་པའི་བྱིས་དུས་ཀྱི་ཟ་མ་ཡིན་སྟབས་ཞོར་འཕྲོས་ཀྱི་ཚུལ་དུ་གླེང་བ་ཡིན། ཞོགས་ཇ་བཞེས་ནས་ཆུ་ཚོད་ ༡༢་༣༠ བར་དུ་སྔ་དྲོའི་སློབ་ཐུན་དང་། ཕྱི་དྲོ་ཆུ་ཚོད་བཞི་ནས་ས་མ་རུབ་ཀྱི་བར་དུ་སྦྱང་རྒྱུ་ནི་དབྱར་དགུན་གང་ཡིན་ཡང་གཅིག་མཚུངས་ཡིན།   ཉིན་གུང་ཆུ་ཚོད་༡ ནས་ ༤ བར་ངལ་གསོའི་དུས་ཚིགས་ཡིན། དེའི་ཡུན་ལ་རྩེད་དགོད་དང་བག་ཡངས་ཅི་འདོད་བྱེད་ཆོག་པ་ལས་བྱ་བ་གཞན་ལ་དགག་བཞག་གང་ཡང་མེད། དེ་ལྟ་བུའི་ལྷག་བསམ་དང་བཀའ་དྲིན་ཁོ་ནས་ཕྱུག་པའི་ལམ་བཟང་དེར་ཞུགས་མ་ཐག་པའི་བློན་ཚང་བསྟན་ཁོ་ནི། ལོ་ངོ་བཅུ་ལོན་ཙམ་གྱི་གྲྭ་ཕྲུག་ཆུང་ཆུང་ཞིག་ཡིན་པ་ལས། མ་འོངས་པའི་མདུན་ལམ་དང་ཤེས་རིག་གི་དཔལ་ཡོན་ལ་བསམ་གཞིག་དེ་ཙམ་གཏོང་མི་ཤེས། འོན་ཀྱང་སྐྱེ་སྔོན་བསགས་པའིི་བག་ཆགས་ཀྱི་མཐུ་ཡིན་ནམ། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱི་བཅུད་གང་ཡིན་མ་ངེས་པར་ཁོ་ལ་དགའ་ཕྱོགས་ཤིག་ཡོད་པ་ནི། ཡིག་གཟུགས་དང་རི་མོ་ཡིན་སྟབས། ཉིན་གུང་གི་ངལ་གསོའི་དུས་སྐབས་དང་བསྟུན་ནས་ཡིག་རིས་དང་བྱེའུ་སྣ་ཚོགས་ཀྱི་གཟུགས་རིས་བྲིས་ཏེ་ལེགས་པོ་ཞིག་ཐོན་ཡོད་མེད་བལྟ་རྒྱུ་ནི་སྒྲོ་མ་བཏགས་པའི་དངོས་ཡོད་ཀྱི་གནས་ཚུལ་ཡིན། དེ་ལྟ་བུའི་གོམས་གཤིས་དང་འགྲོག་སྟེ། ཚོགས་དང་འཆད་རའི་འདོན་པ།  ཡི་དམ་དང་སྲུང་མའི་སྒྲུབ་གཞུང་སོགས་ལ་སྦྱོང་བ་བྱས་ཤིང་། དེ་དག་གི་སྔ་གཞུག་ཏུ་རྒན་གཙུག་ཕུད་འོད་ཟེར་ཡང་དགེ་རྒན་དུ་བསྟེན་ནས་བོན་ཕྱི་ནང་གསང་གསུམ་གྱི་ཆོ་གཆེ་ཆུང་སོགས་མདོར་ན་འདོན་པའི་སྡེ་རྣམས་སྦྱོང་བ་ཕུལ་ཏུ་ཕྱིན་པ་བྱས།