༓ སོག་བཙུན་སྟོན་པ་སྐུ་མཆེད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གླེང་མོལ།

རྩོམ་ཡིག་འདི་ཐེངས། 508 བཀླགས་འདུག

སྒོ་བྱང་ལོ་རྒྱུས་ཀྱི་ལྡེ་མིག —མདོ་སྨད་ཁྲི་ཀ་སྟོང་ཆེའི་བླ་དཔོན་ཏེ་སོག་བཙུན་སྟོན་པ་སྐུ་མཆེད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གླེང་མོལ།

བསྐལ་བཟང་རྣམ་འདྲེན་སྟོང་དང་རྩ་གཉིས་ཀྱི།། དབུས་ནས་གདུལ་དཀའ་འདུལ་ལ་ཆེས་བསྔགས་པ།། བཅུ་གཉིས་དྲུག་ཅུའི་མཛད་པ་མཐར་ཕྱིན་པའི།། གཤེན་རབ་སྟོན་པ་མཆོག་དེས་དགེ་ལེགས་སྩོལ།། གྲངས་མེ༷ད་བསྐལ་པར་ཚོགས་གཉིས་བསགས་པའི་མཐུས།། ཟག་མེ༷ད་ཡེ་ཤེས་མཆོག་གི་སྐུར་གྲུབ་ཀྱང་།། དཔག་མེ༷ད་འགྲོ་བ་ཐབས་ཀྱིས་བཀྲི་མཛད་པ།། མཚུངས་མེ༷ད་སྟོན་པ་ཡེ་ཤེས་རྒྱལ་མཚན་བསྔགས།། གང་དེའི་གདུལ་བྱའི་ཞིང་ཁམས་མདོ་སྨད་ཀྱི།།བྱང་རྒྱུད་རྨ་ཀླུང་ཁྲི་ཀ་སྟོང་ཆེ་འདིར།། རྒྱལ་གཤེན་བསྟན་པ་དར་བའི་ལོ་རྒྱུས་ཏེ།། གསང་སྔགས་སྒྲུབ་སྡེ་བྱུང་ཚུལ་ཅུང་ཟད་སྤྲོ།།

དེ་ཡང་ཀླུ་བོན་ཡེ་ཤེས་སྙིང་བོ་ཡི།། སྤྲུལ་བའི་ཟློས་གར་སོག་བཙུན་སྟོན་པ་ཆེ།། ཡེ་ཤེས་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་ནི།། ཆེན་པོ་ཧོར་གྱི་ཡུལ་ཁམས་སོག་སྡེ་ནས།། རབ་བྱུང་ལྔ་བའི་ནང་ལ་སྐུ་བལྟམས་ཤིང་།། ཆེར་བསྐྱེད་སྤ་སྟོན་དཔལ་ལྡན་བཟང་བོ་ལས།། གསང་སྔགས་སྤྱི་སྤུངས་སོགས་ཀྱི་དབང་ལུང་མནོས།། གཡས་རུ་དབེན་སའི་དགོན་སྡེར་སྒྲིག་བཞུགས་མཛད།། གཉན་སྟོན་ཤེས་རབ་འོད་ལས་འདུལ་ཁྲིམས་བླངས།། མཚན་ཉིད་གཞུང་ཆེན་དྲུག་ལ་སྒྲོ་འདོགས་བཅད།། གཤེན་སྟོན་ཆེན་པོ་བསོད་རྒྱལ་དཔལ་ཉིད་ལས།། མ་རྒྱུད་ཐུགས་རྗེ་ཉི་མའི་དབང་ལུང་ཞུས།།ཁྲི་བརྟན་ནོར་བུ་རྩེ་ནས་བྱ་བྲལ་དུ།། རྫོགས་ཆེན་ཡང་རྩེའི་ཐུན་མཚམས་བཅད་རྒྱར་བཞུགས།། བླ་མ་རང་སྒོམ་རྒྱལ་མཚན་མཆོག་ཉིད་དང་།། བྲུ་སྟོན་མཐའ་བྲལ་བསོད་ནམས་རྒྱལ་མཚན་སོགས།། སྐྱེས་ཆེན་དུ་མའི་ཞབས་པད་གཙུག་ཏུ་བཀུར།། མཁས་དང་གྲུབ་པའི་ཡོན་ཏན་རྩེར་ཆིབས་ནས།། འདིར་སྣང་གཟུང་འཛིན་འཁྲུལ་བ་རང་སར་གྲོལ།། འཕོཆེན་གྲོང་འཇུག་གདམས་པའི་བདག་པོར་གྱུར།། གསང་བྲག་ཡང་དབེན་རྩེ་ནས་སྒོམ་མཛད་སྐབས།། སྒྲ་བླ་མོ་དང་བཙན་གྱི་ཞལ་གཟིགས་ཤིང་།། དཔལ་ཆེན་ཆུ་བོ་བགྲོད་དུས་མཁའ་འགྲོ་མ།། ཅོ་ཟ་བོན་མོ་ཉིད་ཀྱིས་ཞལ་གཟིགས་བསྟན།། རི་ཁུད་སྒྲུབ་གནས་བདེ་གཤེགས་གཙོ་བོ་བཞིའི།། ལྷ་ཞལ་གཟིགས་པ་ལ་སོགས་བརྗོད་མི་ལང་།། ལྷ་དང་བླ་མ་དབྱེར་མེད་གྲུབ་པའི་རྟགས།། བསམ་གྱིས་མི་ཁྱབ་སེམས་དཔའ་ཆེན་པོ་ཉིད།།

གདུལ་བྱ་སྨད་ན་ཡོད་པའི་ལུང་བསྟན་བཞིན།། མདོ་གམ་སྨད་དུ་སྐུ་ཉིད་ཞབས་ཀྱིས་བཅགས།། (སོག་བཙུན་སྟོན་པ་དབུས་ནས་མར་ཕེབས་དུས།། དགུང་ལོ་དྲུག་ཅུར་ཉེ་ཞེས་ངག་རྒྱུན་ནི།། ཁྲི་ཀ་སྟོང་ཆེའི་ཡུལ་དུ་སྔར་ནས་ཡོད།།) ཕྱོགས་བཅུ་ཀུན་ཏུ་བོན་གྱི་འཁོར་ལོ་བསྐོར།། གདུལ་བྱ་གྲངས་མེད་ཐར་བའི་ལམ་ལ་བཀོད།། རྗེས་སུ་ཁོང་གི་སྐུ་མཆེད་གདན་དྲངས་པ།། (དཔོན་ཆེན་པོ་ཨ་ཆེན་ཐང་ནས་ཆས། རྟ་འདོ་བ་བྱེ་མའི་དོའུ་ནས་ཆད། ཅེས་ཆ་བསྐུར་བས་སྟོང་ཆེ་རྒྱ་བདུན་གྱིས་བསུས་པའི་ལོ་རྒྱུས་ཡོད།) སྟོང་ཆེ་དཔོན་པོའི་མིང་འཛིན་ཐོག་མ་སྟེ།། མཚན་ལ་ཧོར་རྗེ་པདྨ་རྒྱལ་ཟེར་ཞིང་།། བླ་དཔོན་འདི་གཉིས་རིང་ལ་མདོ་སྨད་ཀྱི།། ཁྲི་ཀ་གཡང་ལུང་ར་གསུམ་དབུས་མའི་ཡུལ།། སྟོང་ཆེ་འདི་རུ་མི་ལོ་དྲུག་བརྒྱའི་སྔོན།། གསང་བ་སྔགས་ཀྱི་བསྟན་པའི་རྐང་བཙུགས་ནས།། གཟེ་མའི་ལྷ་ཁང་བྱ་འདབ་སུམ་བརྩེགས་ཅན།། རབ་བྱུང་དྲུག་པའི་ས་མོ་གླང་གི་ལོ།། དབྱར་ཟླ་ར་བའི་ཡར་ཚེས་བཅུ་གཅིག་ཉིན།། གསར་བཞེངས་བྱས་པའི་རྟེལ་གྲལ་མགོ་ན།། དུས་གསུམ་སངས་རྒྱས་མཚན་ལྡན་ཁྱེའུ་བཞི་དང་།། རྩིག་འགྲམ་གཡས་གཡོན་དགྲ་བཅོམ་སེམས་དཔའ་བརྒྱད།། སྟག་ལ་སྤུ་གྲི་དམར་ནག་གཉིས་ཀ་དང་།། སྒོ་ཆེན་ནང་ལོགས་གཡས་ན་སྲིད་རྒྱལ་དང་།། གཡོན་ན་བྲག་བཙན་གཡུང་དྲུང་དགྲ་འདུལ་བཅས།། བྱོན་ལེགས་འབག་སྐུ་ཆེ་བ་བཅུ་དགུ་བཞུགས།། ནང་དུ་ལྡེབས་རིས་སྐོར་ལ་ཞི་ལྷ་དང་།། ཁྲོ་བོའི་ལྷ་གྲངས་རིག་འཛིན་མཁའ་འགྲོའི་སྐོར།། ཕྱི་ནང་ཆོ་གའི་དཀྱིལ་འཁོར་ལ་སོགས་པའི།། སྐུ་གསུང་ཐུགས་རྟེན་བྱིན་ཅན་ཤིན་ཏུ་མང་།། བར་ཁྱམས་གཡས་གཡོན་རྒྱབ་བཅས་གླིང་གསུམ་ན།། དབལ་མོ་ཉི་ཤུ་རྩ་བདུན་ལྡེབས་རིས་དང་།། མདུན་གྱི་སྒོ་སྟེང་གནས་བརྟན་བཅུ་དྲུག་དང་།། གཡས་གཡོན་རྒྱལ་ཆེན་བཞི་ཡི་ལྡེབས་རིས་བཅས།། ཕྱི་ནང་རྟེན་གྱི་བཞེངས་བཀོད་ཕུན་སུམ་ཚོགས།།

སྒྲུབ་པའི་སྲོལ་ལ་ཆོ་འཕྲུལ་ཟླ་བའི་ནང་།། ཁྲོ་བོ་བརྒྱ་འདོན་གཟེ་མ་སྟོང་འདོན་དང་།། བཞི་བའི་གཏེར་སྒྲུབ་བརྒྱད་པའི་ཚོགས་འཁོར་དང་།། བཅུ་བའི་གཟེ་མ་ལ་སོགས་ལོ་རེ་བཞིན།། དུས་ཚིགས་བཞི་ལ་སྒྲུབ་པ་ཆེན་པོ་བཞི།། སྔགས་འཆང་བརྒྱ་ཕྲག་འཚོགས་ནས་བསྒྲུབ་པའི་སྲོལ།། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་།། སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས་ཀྱིས།། བཙུགས་ནས་སོག་སྟོན་གྲགས་པ་རྒྱལ་མཚན་དང་།། ཡོན་ཏན་རྒྱལ་མཚན་ལྷུན་གྲུབ་རྒྱལ་མཚན་དང་།། བསོད་ནམས་རྒྱལ་མཚན་ཕུན་ཚོགས་དབང་རྒྱལ་དང་།། གྲུབ་ཆེན་བསྟན་པ་བློ་གྲོས་དཔལ་ལྡན་དང་།། དེ་རྗེས་སོག་བཙུན་གཡུང་དྲུང་རྣམ་རྒྱལ་དང་།། བསྟན་པ་བློ་གྲོས་བགྲོད་པ་མཐར་ཕྱིན་སོགས།། རྒྱ་ནག་འཕོ་བ་གྲོང་འཇུག་བླ་རབས་དང་།། (གོང་གི་ཡོན་ཏན་རྒྱལ་མཚན་དང་། ལྷུན་གྲུབ་རྒྱལ་མཚན། བསོད་ནམས་རྒྱལ་མཚན་གསུམ་ནི་སོག་སྟོན་མཛད་ཐང་གི་བླ་སྐུ་རུ་བཞེངས་ནས་སྦ་སེར་པཎྚི་ཏས་མཆན་ཡིག་ཕྱག་བསྟར་གནང་ཡོད།གྲུབ་ཆེན་བསྟན་པ་བློ་གྲོས་ནས་བླ་རབས་འགའ་ཞིག་གི་མཚན་མ་ཤེས།) དཔོན་པོ་དབང་ངེ་(འདིའི་གོང་ནས་ཧོར་རྗེ་པདྨ་རྒྱལ་ལ་ཐུག་རེག་ཏུ་དཔོན་རབས་འགའི་མཚན་མ་ཤེས)གཡུང་དྲུང་བསྟན་པ་དང་།། དཔོན་པོ་དབང་རྒྱལ་ནམ་མཁའ་རྒྱལ་དང་ནི།། ཀུན་བཟང་སྐྱབས་སོགས་དཔོན་རབས་བཅོ་བརྒྱད་རིང་།། མི་ལོ་དྲུག་བརྒྱ་ལྷག་ལ་དར་རྒྱས་ཆེ།།

དེ་རྗེས་རབ་བྱུང་བཅུ་དྲུག་ས་ཁྱི་(1958)ལོར།། ནང་གི་སྐུ་གསུང་ཐུགས་རྟེན་མ་ལུས་པ།། དམངས་གཙོ་བཅོས་བསྒྱུར་བྱས་པའི་སྐབས་སུ་འཇིག། མེ་ཕོ་རྟ་(1966)ལོར་རིག་གནས་གསར་བརྗེ་སྐབས།། གཙུག་ལག་ཁང་འདི་རྨེང་ནས་འཇིག་པར་གྱུར།། མི་འདོད་རྐྱེན་ངན་སྤྲིན་ནག་གཏོར་རྗེས་སུ།། བསོད་ནམས་རྟ་བདུན་འཁོར་ལོས་ཉེར་དྲངས་པའི།། སངས་རྒྱས་བསྟན་པའི་ཉི་མ་འོད་པོ་ཆེ།། གདུལ་བྱའི་དད་མོས་མཁའ་ལ་ཤར་བའི་ཚེ།། ཁྲི་ཀ་གཡང་ལུང་ར་གསུམ་སྟོང་དཔོན་(千户)ཏེ།། དཔོན་པོ་དབང་ཆེན་འབུམ་དང་འབྲོག་རུ་ཡི།། དཔོན་ཚང་ནོའུ་ཁོ་(སྟོང་ཆེའི་)མར་ནང་བུན་ཆང་པོ།། (སྟོང་ཆེའི་)དཔོན་ཚང་འབྲུག་ཁོ་སྒར་བའི་ལྷ་དར་འབུམ།། (འབྲོག་རུའི་)དཔོན་ཚང་གཡང་དཔལ་བྱམས་དང་བསོད་བློ་བཅས།། བསྟན་ལ་སྲི་ཞུ་བགྱི་བའི་ལྷག་བསམ་གྱིས།། རབ་རྒྱན་མེ་ཕོ་སྟག་(1986)ལ་འགོ་བཟུང་ནས།། བགྲང་བྱ་དྲུག་པ་ཆུ་ཕོ་སྤྲེལ་གྱི་(1992)ལོར།། གཟེ་མའི་ལྷ་ཁང་འདི་ཉིད་བསྐྱར་བཞེངས་གྲུབ།། ནང་གི་རྟེན་བཞེངས་གོང་ལྟར་སྒྲུབ་ཆེན་རྣམས།། སྔ་མའི་ཕྱག་སྲོལ་ཇི་བཞིན་སྐྱོང་བ་འོ།།

དེ་ལྟར་སོག་བཙུན་སྟོན་པ་སྐུ་མཆེད་ཀྱིས།། ཡུལ་འདིར་གསང་སྔགས་སྒྲུབ་པའི་སྡེ་(རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་1349ལོར་)བཙུགས་ནས།། རབ་གནས་ཆུ་སྤྲེལ་(1992)ཡན་ལ་འདས་པའི་ལོ།། དྲུག་བརྒྱ་ཞེ་གསུམ་འགོར་བ་ལུང་གིས་གྲུབ།། ཨེ་མ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི།། བསྟན་པའི་གནས་གཞི་གསས་ཁང་བཞེངས་པ་ལ།། སྒོ་གསུམ་དག་པས་རྩོལ་བ་གང་བྱེད་རྣམས།། མཐར་ཐུག་བླ་མེད་འབྲས་ཐོབ་ལུང་ལས་གསུངས།། ཤིན་ཏུ་རྙེད་དཀ༷འ་དལ་འབྱོར་ལུས་ཐོབ་ནས།། དར་ཅིག་བཟོད་དཀ༷འ་སྡུག་བསྔལ་རྒྱུ་སྤང་བར།། སྒྲ་ཙམ་ཐོས་དཀ༷འ་གཡུང་དྲུང་བོན་སྤྱོད་ཀྱི།། ཕན་ཡོན་བརྗོད་དཀ༷འ་ཚུལ་དེར་རྗེས་ཡི་རང་།། དེ་ཕྱིར་དམ་པ་གོང་མའི་བཀའ་དྲིན་དང་།། བསྟན་པ་དར་བའི་ལོ་རྒྱུས་ཅུང་ཟད་ཅིག། གླེང་འདི་དཔོན་པོ་དབང་ཆེན་འབུམ་སོགས་ཀྱིས།། བསྐུལ་ངོར་(རེབ་གོང་སྙན་བཟང་བ་)བསོད་ནམས་གཡུང་དྲུང་མིང་གིས་སྦྱར།། འདི་བརྩམས་ལེགས་བྱས་སྣང་བའི་མུ་ཁྱུད་ཀྱིས།། ལོག་རྟོག་མུན་པ་བསྐལ་པའི་མཐར་བསྲིངས་ནས།། མདོ་སྔགས་པད་ཚལ་བཞད་པར་རྩེན་པ་ཡི།། སྐལ་བཟང་རྣམ་མཁྱེན་མཁའ་ལ་ལྡིང་བར་ཤོག། །།

སྙན་བཟང་བསོད་ནམས་གཡུང་དྲུང་། བཞུགས་གནས། བོད། རེབ་གོང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *