༓ ཤཱཀ་གཤེན་བསྟན་པ་གཅིག་ཏུ་སྒྲུབ་པ་ཤར་རྫོགས་༼༡༽སྔོན་འགྲོའི་ཞལ་ལུང་ཞེས་བྱ་བ།

རྩོམ་ཡིག་འདི་ཐེངས། 1026 བཀླགས་འདུག

མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་།།

གསུང་དབྱངས་དྲུག་ཅུ་མཛད་པ་བཅུ་གཉིས་སོགས།།

སྟོན་པ་གཤེན་དང་སོ་སོར་མི་སྣང་བའི།།

ཤཱཀྱའི་རྒྱལ་པོ་ཁྱོད་ལ་བདག་ཕྱག་འཚལ།།

གྲུབ་མཐའི་དབྱེ་བས་ཆགས་སྡང་མི་བྱ་ཞིང་།།

གསར་རྙིང་ལྟ་བས་དམོད་འཛིང་མི་བྱེད་པ།།

ཐར་བའི་ལམ་སྟོན་ཐུགས་རྗེའི་བདག་ཉིད་ཅན།།

དཔལ་ལྡན་བླ་མ་དམ་པས་བདག་སྐྱོངས་མཛོད།།

ལྟ་སྒོམ་གཅིག་པའི་བན་བོན་གྲུབ་མཐའ་གཉིས།།

གྲུབ་མཐའི་དབྱེ་བས་དམར་འཛིང་བྱེད་པའི་ཚུལ།།

མ་བཟོད་རང་གི་རིགས་ལ་ཕན་སེམས་ཀྱིས།།

ཤཱཀ་གཤེན་བསྟན་པ་གཅིག་ཏུ་བསྒྲུབ་པར་བྱ།།

དེ་ལ་འདིར་ཡང་བསྐྱར་བོད་རང་ས་ནས་སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་དང་རྒྱ་གར་འཕགས་ཡུལ་ནས་སྐུ་འཁྲུངས་པའི་སྟོན་པ་ཤཱཀྱ་ཐུབ་པ་གཉིས་ཀྱི་ནང་པ་སངས་རྒྱས་ཀྱི་བསྟན་པ་བསླད་མེད་རྨ་མེད་པ་འདི་གཉིས་ཀྱི་དགོངས་དོན་གཅིག་ཏུ་བསྒྲུབ་པ་ལ། ཐོག་མར་འདི་ལྟར་བསམ་པར་བྱ་སྟེ། སྤྱིར་ཁོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་མཁན་དང་སངས་རྒྱས་ཆོས་ལུགས་ལ་དད་མཁན་གྱི་མི་སྐྱ་ཕལ་བ།      དེ་བས་ཀྱང་ཁ་གསལ་ན་རྒྱལ་ཁབ་ཀྱི་ལས་བྱེད་དང་དགེ་རྒན་ཕལ་བའི་ལས་ཞོར་ལ་ཞིབ་འཇུག་གི་ལས་ལ་སྤྲོ་མཁན་ཞིག་ཡིན་པ་ལས། བན་བོན་གང་རུང་གི་ལུགས་སུ་རབ་ཏུ་བྱུང་བ་ཕར་ཞོག   ཐ་ན་ཆུང་མ་དང་བུ་རྒྱུད་མང་བའི་སྔགས་གཟུགས་ཙམ་གྱི་ལས་ལའང་མ་ཞུགས་པ་ཞིག་གིས། ཤཱཀ་གཤེན་བསྟན་པ་གཅིག་ཏུ་སྒྲུབ་སྟེ་རང་གི་ལྟ་ཚུལ་ཐད་ཀར་སྨྲས་ན་ནི་སུས་ཀྱང་ཡིད་ཆེས་པར་མི་འགྱུར་ལ་ཁས་ཀྱང་ལེན་པར་མི་འགྱུར་རོ། དེས་ན་ཅི་བྱ་ཞེ་ན། འདི་ལྟར་བྱ་སྟེ། བན་ལུགས་པའི་ཚད་ལྡན་ཡོངས་གྲགས་ཀྱི་མཁས་དབང་ཆེན་མོ་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་དང་བོན་ལུགས་པའི་ཚད་ལྡན་ཡོངས་གྲཊ་ཀྱི་མཁས་དབང་ཆེན་མོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་རང་རང་གི་ལུགས་སུ་མཛད་པའི་ཆོས་བོན་ཉམས་ལེན་དངོས་ཀྱི་ ༼སྔོན་འགྲོའི་ཁྲིད་ཡིག༽ ལ་ཁུངས་གཏུགས་ཏེ་གསུང་བཅུད་ལེགས་པར་བསྒྲིག་ན།  ད་གཟོད་ཤཱཀ་གཤེན་གྱི་བསྟན་པ་འདི་གཉིས་ཀྱི་དགོངས་དོན་གནད་གཅིག་ཏུ་འབབ་ཐུབ་པ་མ་ཟད།  འཇུ་མི་ཕམ་གྱིས། “…བན་དང་བོན་ཞེས་སོ་སོར་དབྱེ།། ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང་།། དོན་དམ་བདེན་མེད་གནད་ཀྱིས་ནི།། མི་འགལ་ཕྱིར་ན་དགོངས་པ་གཅིག།”ཅེས་པ་དང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས།“…ཐུབ་པ་ནི་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཅུ་ཐུབ་དུས་ན། རྒྱ་གར་དུ་བདུད་ང་མིན་ཆོས་པོའི་ལོག་ཆོས་ཡང་དག་པའི་ཆོས་སུ་བསྒྱུར་བའི་ཕྱིར། བདག་ཅག་གི་གསུང་གི་སྟོན་པའི་ཟུར་སྡོངས་ལ་བྱོན།” ཞེས་པ་སོགས་ཀྱི་དགོངས་དོན་ཡང་རང་ཤུགས་སུ་རྟོགས་པར་འགྱུར་ལ། ནང་སྒོས་སུ་གྲོང་ཆོག་ཁོ་ནའི་ཆེད་དུ་གྲུབ་མཐའི་ཆགས་སྡང་འབའ་ཞིག་གིས་མི་ཚེ་སྐྱེལ་བ་ལས་ངེད་བོད་པ་ཚང་གི་མདུན་ལམ་ལ་འདང་རྩ་བ་ནས་རྒྱག་མ་མྱོང་བའི་བླ་རྫུན་སྤྲུལ་རྫུན་ཚོའི་སེམས་ལའང་འབབ་རྒྱུ་རེ་ཡོད་ན་ཐང་སྙམ་མོ།། དེས་ན། འདིའི་བསྒྲུབ་པར་བྱ་བའི་གོ་རིམ་ལ། དང་པོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྒོ་ནས་བསྒྲུབ་པ་དང་། གཉིས་པ་ཕྱི་ནང་སྔོན་འགྲོའི་བསླབ་ཚུལ་གྱི་སྒོ་ནས་བསྒྲུབ་པ་དང་། གསུམ་པ་ཉེ་ལམ་འཕོ་བའི་རིམ་པའི་སྒོ་ནས་བསྒྲུབ་པ་དང་བཅས་ཡོད་པ་ལས། འདིར་ནི་དཔྱད་རྩོམ་ཞིག་གི་སར་གཉིས་པ་ཕྱི་ནང་སྔོན་འགྲོའི་བསླབ་ཚུལ་ལས་ཐུན་མོང་ཕྱིའི་སྔོན་འགྲོའི་དལ་འབྱོར་རྙེད་པ་དཀའ་བ་དང་ཚེ་མི་རྟག་པའི་འདོད་ཚུལ་མཚུངས་པའི་སྒོ་ནས་ཅུང་ཟད་བསྒྲུབ་པར་བྱ་སྟེ།

དང་པོ། དལ་འབྱོར་རྙེད་པ་དཀའ་ཚུལ་བརྗོད་པ་མཚུངས་པའི་སྒོ་ནས་གཅིག་ཏུ་བསྒྲུབ་པ།

     ༡ ངོ་བོ་དལ་བ་བསམ་པ།

འདི་ལ་ཐོག་མར་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “དང་པོ་ངོ་བོ་དལ་བ་བསམ་པ་ནི། སྤྱིར་མི་ཁོམས་པའི་གནས་བརྒྱད་དུ་མ་སྐྱེས་པར་དམ་པའི་ཆོས་བསྒྲུབ་པར་ཁོམས་པ་ནི་དལ་བ་ཞེས་བྱ། མི་དལ་བ་ནི་མི་ཁོམས་པའི་གནས་བརྒྱད་དེ། ཇི་སྐད་དུ། ‘དམྱལ་བ་ཡི་དྭགས་དུད་འགྲོ་དང་།། ཀླ་ཀློ་ཚེ་རིང་ལྷ་དང་ནི།། ལོག་ལྟ་སངས་རྒྱས་ཀྱིས་སྟོང་བ།། ལྐུགས་པ་འདི་དག་མི་ཁོམས་བརྒྱད།།’ཅེས་གསུང་བ་ལྟར། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ལ་ཁོལ་མོར་སྤྱོད་པས་ཆོས་བྱེད་དུ་མི་ཁོམས། ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམས།  དུད་འགྲོ་ནི་བཀོད་སྤྱོད་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པས་ཆོས་བྱེད་དུ་མི་ཁོམས། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ངང་དུས་གྲོན་ནས་ཆོས་བྱེད་དུ་མི་ཁོམས། ཡུལ་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་དུ་མི་ཁོམས། མུ་སྟེགས་བྱེད་དམ་དེ་དང་རྗེས་མཐུན་པའི་ལོག་ལྟ་ཅན་དུ་སྐྱེས་ན་རང་རྒྱུད་ལོག་ལྟས་བསླད་པས་ཆོས་བྱེད་དུ་མི་ཁོམས། མུན་པའི་བསྐལ་བ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་ཤིང་དགེ་སྡིག་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམས། ལྐུགས་པར་སྐྱེས་ན་རྣམ་ཤེས་ལས་སུ་མི་རུང་བས་ཆོས་བྱེད་དུ་མི་ཁོམས་པ་སྟེ་བརྒྱད།”ཅེས་གསུངས་པ་བཞིན་དུ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “དང་པོ་ངོ་བོ་དལ་པ་བསམ་པ་ནི། མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་དགེ་བ་ལ་སྤྱོད་པའི་སྐལ་བ་དང་མི་ལྡན་པས་མི་ཁོམ་པའོ། དེར་མ་སྐྱེས་པར་བོན་སྒྲུབ་ཏུ་ཁོམ་པ་ནི་དལ་བ་ཞེས་བྱ། མི་དལ་ཞིང་མི་ཁོམ་པའི་གནས་བརྒྱད་ནི། སློབ་དཔོན་དྲན་པའི་ཞལ་ནས།‘ངན་སོང་གསུམ་དང་ཚེ་རིང་ལྷ།། མཐའ་འཁོབ་ཀླ་ཀློ་ལོག་ལྟར་སྐྱེས།། སངས་རྒྱས་ཀྱིས་ཞིང་སྟོང་པའོ།། དིག་པ་ལྐུགས་པ་མི་ཁོམ་བརྒྱད།།’ཅེས་གསུངས་པ་ལྟར། དམྱལ་བ་ཚ་གྲང་གིས་གཟིར་བས་བོན་བྱེད་མི་ཁོམ་པ་དང་། ཡི་དྭགས་བཀྲིས་སྐོམ་གྱིས་གདུངས་བས་བོན་བྱེད་མི་ཁོམ་པ་དང་། བྱོལ་སོང་གླེན་ལྐུགས་དང་བཀོལ་སྤྱོད་ཀྱིས་བོན་བྱེད་མི་ཁོམས་པ་དང་། ལྷ་ཚེ་རིང་པོར་དགེ་སྡིག་གི་འདུ་ཤེས་མེད་པས་བོན་བྱེད་མི་ཁོམ་པ་དང་། སངས་རྒྱས་ཀྱིས་ཞིང་སྟོང་པ་རྣམས་མུན་བསྐལ་དུ་གྱུར་པས་བོན་བྱེད་མི་ཁོམ་པ། མཐའ་འཁོབ་དང་ཀླ་ཀློ་རྣམས་སངས་རྒྱས་ཀྱི་བསྟན་པ་མེད་པས་བོན་བྱེད་མི་ཁོམ་པ། དིག་པ་དང་ལྐུགས་པ་རྣམས་རྣམ་ཤེས་ལས་སུ་མ་རུང་པས་བོན་བྱེད་མི་ཁོམ་པ་དང་། ལོག་ལྟ་ཅན་རྣམས་རྒྱུད་ལོག་ལྟས་བསླད་ནས་བོན་བྱེད་མི་ཁོམ་པ་དང་བརྒྱད།” ཅེས་གསུངས་ཡོད་དོ།།

༢ ཁྱད་པར་གྱི་ཆོས་སམ་བོན་འབྱོར་བ་བསམ་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “གཉིས་པ་ཁྱད་པར་གྱི་བོན་འབྱོར་བ་བསམ་པ་ལའང་། རང་འབྱོར་དང་། གཞན་འབྱོར་གཉིས། དང་པོ་རང་འབྱོར་ནི། སློབ་དཔོན་དྲན་པས།‘རང་འབྱོར་ལྔ་ནི་ཡུལ་གྱི་དབུས་སུ་སྐྱེས། །མི་ལུས་ཐོབ་དང་དབང་པོ་སྒོ་ལྔ་ཚང་།། གནས་ཀྱིས་མ་བསྐལ་དུས་གྱིས་མ་བསྐལ་བའོ།། ཞེས་གསུངས་པ་ལྟར། མི་ལུས་མ་ཐོབ་ན་སངས་རྒྱས་སྒྲུབ་པའི་རྟེན་དུ་མི་རུང་ནའང་། ད་རེས་ཐོབ་པ་དཀའ་བ་མིའི་ལུས་རྟེན་རྙེད་པ་ནི་མི་ལུས་རྟེན་གྱི་འབྱོར་བ། བསྟན་པ་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་བོན་དང་མི་མཇལ་ནའང་། ད་རེས་སྐྱེ་དཀའ་བ་འཛམ་བུའི་གླིང་གི་དབུས་སུ་སྐྱེས་པ་ནི་གནས་གཙང་ཡུལ་གྱི་འབྱོར་པ། དབང་པོ་མ་ཚང་ན་བོན་གྱི་གེགས་སུ་འགྱུར་ནའང་། ད་རེས་དབང་པོ་སྒོ་ལྔ་ཚང་ཞིང་གླེན་ལྐུགས་སོགས་མ་ཡིན་པ་ནི་དབང་པོ་ཡོན་ཏན་གྱི་འབྱོར་བ། དུས་ཀྱིས་བསྐལ་ན་ལས་ཀྱི་མཐའ་ལོག་ནས་མཚམས་མེད་ལྔ་ལ་སོགས་མི་དགེ་བ་ལ་སྤྱོད་ཅིང་བོན་ལ་རྒྱབ་ཀྱིས་ཕྱོགས་ནའང་། ད་རེས་དགེ་བ་ལ་མོས་པའི་བསམ་པ་སྐྱེས་པ་ནི་ཁྱད་པར་བློ་སྟོབས་ཀྱི་འབྱོར་བ། གནས་ཀྱིས་བསྐལ་ན་ཡོན་ཏན་གྱི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་བོན་ལ་ཡིད་མི་ཕྱོགས་ནའང་། ད་རེས་བློ་ཁ་བོན་ལ་ཕྱོགས་པ་ནི་རང་འབྱོར་ལྔའི་གཙོ་བོ་དད་པ་མོས་འདུན་གྱི་འབྱོར་པ་སྟེ། ལྔ་པོ་དག་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་རྒྱུད་སྐལ་པའི་འབྱོར་པ་ཞེས་བྱ།  གཉིས་པ་གཞན་འབྱོར་ལ། སློབ་དཔོན་དྲན་པས།‘སྟོན་པ་འཇིག་རྟེན་བྱོན་དང་དེས་བོན་གསུངས། བསྟན་པ་ཡུན་དུ་གནས་ཤིང་སྒྲུབ་པའི་སྟོན་པ་ཡོད། སྟོན་པ་དེ་ཉིད་སེམས་ཅད་དོན་ལ་བརྩེ་སེམས་ལྡན་པའོ།’ཅེས་གསུངས་པ་ལྟར།སྟོན་པ་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་བོན་ཞེས་སྒྲ་ཙམ་ཡང་མི་གྲགས་ནའང་། ད་རེས་འཕྲོད་པར་དཀའ་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་དང་འཕྲོད་པ་ནི་སྟོན་པ་སངས་རྒྱས་ཀྱི་འབྱོར་བ།སྟོན་པ་བྱོན་ཀྱང་དེས་བོན་མ་གསུངས་ན་སྟོན་པ་མ་བྱོན་པ་དང་ཁྱད་མེད་ནའང་། ད་རེས་བོན་གྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ནི་སྡེ་སྣོད་བཀའི་འབྱོར་པ། བོན་བསྟན་པ་དེ་བསྟན་པ་ནུབ་ན་མུན་བསྐལ་དང་ཁྱད་མེད་ནའང་། ད་རེས་བསྟན་པ་གནས་ཚད་ཀྱི་ཡུན་མ་རྫོགས་པར་གནས་པ་ནི་ཁྱད་པར་དུས་ཀྱི་འབྱོར་པ། བསྟན་པ་ཡོད་ནའང་རང་གིས་བསྒྲུབས་ཤིང་གཞན་ལ་སྟོན་པ་མེད་ན་མི་ཕན་ནའང་། ད་རེས་དེ་སྟོན་པའི་བཤེས་གཉེན་བླ་མ་ཡང་བཞུགས་པ་དང་རང་ལ་དེའི་རྗེས་སུ་འཇུག་པའི་སྟོབས་ཡོད་པ་ནི་རང་གི་སྐལ་བའི་འབྱོར་བ། སྟོན་པ་པོ་ཡོད་ནའང་དེའི་ཐུགས་རྗེས་སུ་མ་ཟིན་ན་བསྟན་པའི་སྒོར་འཇུག་པའི་ཐབས་མེད་པ་ལས།  ད་རེས་བོན་བསྟན་པའི་བླ་མ་དེ་ཉིད་སེམས་ཅན་གྱི་དོན་ལ་ཐུགས་བརྩེ་བ་དང་ལྡན་པ་ནི་ལྷག་པ་ཐུགས་རྗེའི་འབྱོར་བ་སྟེ། ལྔ་པོ་དེ་དག་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ཞེས་བྱ།” ཞེས་གསུངས་པ་དང་མི་འགལ་བར།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “གཉིས་པ་ཁྱད་པར་གྱི་ཆོས་འབྱོར་པ་བསམ་པ་ལ། རང་འབྱོར་ལྔ་དང་།གཞན་འབྱོར་ལྔ་ལས། དང་པོ་རང་འབྱོར་ལྔ་ནི། ཀླུ་སྐྲུབ་ཀྱིས། ‘མི་ཉིད་དབུས་སྐྱེས་དབང་པོ་ཚང་།། ལས་མཐའ་མ་ལོག་གནས་ལ་དད།།’ཅེས་གསུངས་པ་ལྟར། མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བས་མིའི་ལུས་རྟེན་གྱི་འབྱོར་བ། ཆོས་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་ཆོས་དང་མི་མཇལ་བ་ལ། ད་རེས་ཆོས་ཚུགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱི་འབྱོར་བ། དབང་བོ་མ་ཚང་ན་ཆོས་ཀྱི་གེགས་སུ་གྱུར་བ་ལས་ད་རེས་དེ་འདྲའི་སྐྱོན་དང་བྲལ་བས་དབང་བོ་ཡོན་ཏན་གྱི་འབྱོར་བ། ལས་ཀྱི་མཐའ་ལོག་ན་རྟག་ཏུ་མི་དགེ་བ་ལ་སྤྱོད་ཅིང་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་ལས། ད་རེས་དགེ་བ་ལ་མོས་པ་བསམ་པའི་ཁྱད་པར་གྱི་འབྱོར་བ། དད་པའི་གནས་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་ན་ཆོས་ལ་ཡིད་མི་ཕྱོགས་པ་ལས། ད་རེས་བློ་ཆོས་ལ་ཕྱོགས་ནུས་པས་དད་པའི་འབྱོར་བ་སྟེ་ལྔ་བོ་འདི་རང་ངོ་ལ་ལྟོས་ནས་ཚང་དགོས་པས་རང་རྒྱུད་སྐལ་བའི་འབྱོར་བ་ལྔ་ཞེས་བྱ། གཉིས་པ་གཞན་འབྱོར་ལྔ་ནི། ‘སངས་རྒྱས་བྱོན་དང་དེས་ཆོས་གསུངས།། བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ།།’ཞེས་པ་ལྟར། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཡང་མེད་པ་ལ། ད་རེས་སངས་རྒྱས་བྱོན་པའི་བསྐལ་བ་དང་ཐུག་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ།བྱོན་ཀྱང་ཆོས་མ་བསྟན་ན་མི་ཕན་པ་ལས།  ཆོས་འཁོར་རིམ་པ་གསུམ་བསྟན་པས་བསྟན་པ་དམ་པའི་ཆོས་ཀྱི་འབྱོར་པ། ཆོས་བསྟན་ཀྱང་བསྟན་པ་ནུབ་ན་མི་ཕན་པ་ལས། ད་ལྟ་བསྟན་པའི་གནས་ཚད་མ་རྫོགས་པས་དུས་ཀྱི་འབྱོར་པ། བསྟན་པ་གནས་ཀྱང་དེ་ལ་མ་ཞུགས་ན་མི་ཕན་པ་ལས།བསྟན་པའི་སྒོར་ཞུགས་པ་རང་གི་སྐལ་བས་འབྱོར་པ།  ཞུགས་སུ་ཟིན་ཀྱང་མཐུན་པའི་རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ཆོས་ཀྱི་དེ་ཉིད་མི་ཤེས་པས་དེས་ཟིན་པ་ལྷག་པའི་ཐུགས་རྗེའི་འབྱོར་བ་སྟེ། ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱ།”ཞེས་གསུངས་ཡོད་དོ།།

༣ རྙེད་དཀའ་བའི་དཔེ་ལ་བསམ་པ།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས།“གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། ཞི་བ་ལྷས། ‘རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར།།’ཞེས་པ་ལྟར་དང་། གཞན་ཡང་གྱང་ལོགས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བ་ཆགས་དཀའ་བའི་དཔེ་དང་། ཁབ་རྩེ་གྱེན་དུ་བསྟན་པ་ལ་སྲན་མ་སྤུངས་ཀྱང་རེ་རེ་ཙམ་ཡང་ཆགས་དཀའ་བའི་དཔེ་སོགས་ཀྱིས་མཚོན་ནས་ཤེས་པར་བྱའོ།”ཞེས་གསུངས་ཡོད་པ་བཞིན་དུ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “གསུམ་པ་རྙེད་བའི་དཔེ་ལ་བསམ་པ་ནི། རྫོགས་པ་ཆེན་པོ་ལྟར་ན། ཐོབ་པ་དཀའ་བ་གྱང་ལོགས་སུ་སྲན་མ་གཏོར་བ་དང་འདྲ་ལ། ཐོབ་པ་དཀོན་པ་ཨུཏྤལ་གྱི་མེ་ཏོག་དང་འདྲ་ཞིང་། ཐོབ་པ་ཉུང་བ་ནམ་ལངས་པའི་སྐར་མ་དང་འདྲ། ཡང་དཔེར་ན་དམྱལ་བ་ནི་མཚན་མོའི་སྐར་མ་ཙམ་ལ། ཡི་དྭགས་ནི་ཉིན་མོའི་སྐར་མ་ཙམ། ཡི་དྭགས་མཚན་མོའི་སྐར་མ་ཙམ་ལ། བྱོལ་སོང་ཉིན་མོའི་སྐར་མ་ཙམ། བྱོལ་སོང་མཚན་མོའི་སྐར་མ་ཙམ་ལ། ལྷ་རིགས་ཉིན་མོའི་སྐར་མ་ཙམ། ལྷ་རིགས་མཚན་མོའི་སྐར་མ་ཙམ་ལ། མི་ཉིན་མོའི་སྐར་མ་ཙམ་ཉུང་།དེའི་ནང་ནས་ཀྱང་དལ་འབྱོར་ཚང་པའི་མི་ལུས་ནི་ཤིན་ཏུ་ཐོབ་པ་ཉུང་བའོ།ཐོབ་པ་ལ་བར་ཆད་མང་བ་སོ་མཚམས་ཀྱི་ལོ་ཏོག་དང་འདྲ།”ཞེས་གསུངས་ཡོད་དོ།།

༤ གྲངས་ཀྱི་མང་ཉུང་ལ་བསམ་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས།“བཞི་པ་གྲངས་ཀྱི་མང་ཉུང་བསམ་ནི། སྤྱིར་གཟུགས་མེད་ཀྱི་སེམས་ཅན་ལ་ལྟོས་ན་གཟུགས་ཅན་གྱི་སེམས་ཅན་རྣམས་ཤིན་ཏུ་གྲངས་ཉུང་ཞིང་། དེའི་ནང་ནས་མི་ལུས་ཐོབ་པ་ཉུང་། མིའི་ནང་ནས་ཀྱང་དལ་འབྱོར་ཚང་བའི་མི་ནི་ཤིན་ཏུ་དཀོན་པ་སྟེ། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་ལས། ‘གཟུགས་མེད་སེམས་ཅན་མཐོང་ཙ་ན།།  གཟུགས་ཡོད་སེམས་ཅན་སྲིད་པ་ཙམ།།  གཟུགས་ཡོད་ཁ་འཐོར་མཐོང་ཙ་ན།། མི་ལུས་ཐོབ་པ་སྲིད་པ་ཙམ།། མི་ལུས་ཐོབ་པ་མཐོང་ཙ་ན། །དལ་འབྱོར་ལྡན་པ་སྲིད་པ་ཙམ། དལ་འབྱོར་ལྡན་པ་མཐོང་ཙ་ན།། དགེ་བ་མཐར་ཕྱིན་སྲིད་པ་ཙམ།།’ཞེས་གསུངས།”ཞེས་གསུངས་པ་དང་མཚུངས་པར།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “བཞི་པ་གྲངས་ཀྱི་ཁྱད་པར་བསམ་པ་ནི། སེམས་ཅན་གྱི་གྲངས་དང་རིམ་པ་ལ་ལྟོས་ན་མི་ལུས་ཐོབ་པ་ནི་སྲིད་པ་ཙམ་སྟེ། འདི་ལྟར་དམྱལ་བ་ནི་མཚན་མོའི་སྐར་མ་ཙམ་ལ། ཡི་དྭགས་ནི་ཉིན་མོའི་སྐར་མ་ཙམ། ཡི་དྭགས་ནི་མཚན་མོའི་སྐར་མ་ཙམ་ལ་དུད་འགྲོ་ཉིན་མོའི་སྐར་མ་ཙམ། དུད་འགྲོ་མཚན་མོའི་སྐར་མ་ཙམ་ལ་བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད།”ཅེས་སོཊ་སུ་གསུངས་ཡོད་དོ།།

 གཉིས་པ། ཚེ་མི་རྟག་པའི་བརྗོད་ཚུལ་མཚུངས་པའི་སྒོ་ནས་གཅིག་ཏུ་བསྒྲུབ་པ།

ཚེ་མི་རྟག་པའི་བརྗོད་ཚུལ་མཚུངས་པའི་སྒོ་ནས་གཅིག་ཏུ་བསྒྲུབ་པ་ལ་ཡང་། ཕྱི་སྣོད་ཀྱི་འཇིག་ཚུལ་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ་དང་། ནང་བཅུད་ཀྱི་སྟོང་ཚུལ་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ། སངས་རྒྱས་ཀྱི་འདས་གྲོངས་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ། སེམས་ཅན་གྱི་སྐྱེ་འཆི་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ་སོགས་ཀྱིས་བསྒྲུབ་པར་བྱ་སྟེ།

༡ ཕྱི་སྣོད་ཀྱི་འཇིག་ཚུལ་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས།“དང་པོ་ཕྱི་སྣོད་ཀྱི་འཇིག་ཚུལ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་མཚོ་དང་བཅས་པ་སྲ་ཞིང་འཐས་པ་ལྟར་སྣང་བ་འདི་དག་ཀྱང་། ད་ལྟའི་བསྐལ་བཟང་འགྲོ་བ་འདྲེན་པའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྟན་པ་རྫོགས་པའི་མཐར། མེ་བདུན་ཆུ་གཅིག་གིས་འཇིག་པའི་དུས་ན་ཐལ་བ་ཙམ་ཡང་མི་ལུས་པ་སྟོང་པར་འགྱུར་ཏེ།   དེ་ལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་མཐའ་ལྕགས་རི་གཅིག་གི་ནང་དུ་ཆུད་པའི་སྟོང་གསུམ་འཇིག་རྟེན་འདི་ཡང་མཐར་མི་རྟག་པར་སྟོང་པའི་གནས་སྐབས་དེ་ལྟ་བུ་ཡིན་ན།རང་རེ་མིའི་ལུས་རྟེན་ནམ་གཞུག་གི་འབུ་སྦྲང་ལྟ་བུ་འདི་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་སྙིང་ཐག་པ་ནས་བསྒོམ་མོ།།”ཞེས་གསུངས་པ་དང་རྗེས་ཐོག་རྗེས་བཞག་ཏུ།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གླང་བཞི་རི་རབ་ལྷ་གནས་དང་བཅས་པའི་ར་བ་སྲ་ཞིང་འཐས་པ་བསྐལ་བའི་བར་དུ་གནས་པ་འདི་དག་ཀྱང་མི་རྟག་པར་མཐར་མེ་བདུན་དང་ཆུ་གཅིག་གིས་ངེས་པར་འཇིག་པར་འགྱུར་བ་ཡིན་ཏེ། དེ་ལྟར་གླང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་འཇིག་རྟེན་གཅིག་གི་ནང་དུ་ཆུད་པ་ཐམས་ཅད་མཉམ་དུ་ཞིག་ནས་མཐར་ཐམས་ཅད་ཀྱང་ནམ་མཁའ་གཅིག་ཏུ་གྱུར་ཏེ་སྟོང་བའི་གནས་སྐབས་དེ་ལྟ་བུ་ཡོད་པ་ཡིན་ན། རང་རེ་མིའི་ལུས་རྟེན་ནམ་གཞུག་གི་སྦྲང་བུ་ལྟ་བུ་འདི་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་སྙིང་ཐག་པ་ནས་བསྒོམ་མོ། ”ཞེས་གསུངས་ཡོད་དོ།།

༢ ནང་བཅུད་ཀྱི་སྟོང་ཚུལ་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “གཉིས་པ་ནང་བཅུད་ཀྱི་སེམས་ཅན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་མཐོ་སྟེ་སྲིད་པའི་རྩེ་མོ་ཕྱིན་ཆད་ནས། དམའ་སྟེ་དམྱལ་བའི་གདན་ལ་ཐུག་པ་ཡན་ཆད་ན་སེམས་ཅན་ཡོད་དོ་ཅོག་ལ་འཆི་བའི་གནས་ལས་ཐར་བ་ནི་གཅིག་ཀྱང་མེད་པས། དུས་ད་ལྟ་ཉིད་དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་འགྲོ་བར་འཆི་ཁར་ཕན་ངེས་པའི་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་མོ།།”ཞེས་གསུངས་པ་དང་མི་གཉིས་པར།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “གཉིས་པ་ནང་བཅུད་ཀྱི་སྟོང་ཚུལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། དེ་ལྟར་ཕྱིར་སྣོད་འདི་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་སྔུན་མི་རྣམས་ཀྱི་ཚེ་ལོ་བཅུར་ཐུབ་པའི་དུས་སུ།མཐའ་ནད་མུག་མཚོན་གསུམ་གྱི་ནང་བཅུད་ཀྱི་སེམས་ཅན་ཕལ་ཆེར་སྟོང་པར་འགྱུར་ཏེ། ནང་བཅུད་ཀྱི་སེམས་ཅན་ཀུན་ཀྱང་སྐྱེས་ནས་ཚེ་ཐར་སོང་བ་གཅིག་ཀྱང་མེད་པར་ཐམས་ཅད་འཆི་བའི་རང་བཞིན་ཅན་དེ་ལྟ་བུ་ཡིན་ན། རང་ཉིད་ཀྱང་ངེས་པར་འཆི་བར་མ་ཟད་དོ་ནུབ་ཙམ་ལའང་མི་འཆི་བའི་གདེང་ནི་ཅུང་ཟད་ཙམ་ཡང་མེད་པས། ད་ལྟ་ཉིད་ནས་འཆི་ཆོས་འབའ་ཞིག་བྱེད་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་མོ།”ཞེས་གསུངས་ཡོད་དོ།།

༣ སངས་རྒྱས་ཀྱི་འདས་གྲོངས་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “གསུམ་པ་སངས་རྒྱས་ཀྱི་འདས་གྲོངས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། བསྐལ་པ་འདིའི་སྔོན་རོལ་ཡང་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་གྲངས་ལས་འདས་པ་ཞིག་བྱོན་པ་རྣམས་ཀྱང་རིམ་གྱིས་མྱ་ངན་ལས་འདས་ཏེ་མི་རྟག་པའི་ཚུལ་བསྟན།ད་ལྟའི་བསྐལ་པ་བཟང་པོ་འདི་ལའང་། སྔོན་གྱི་དུས་སུ་སངས་རྒྱས་རང་བྱུང་ཐུགས་རྗེ་ཅན་དང་། འཁོར་བ་ཀུན་འདྲེན་ལ་སོཊ་སངས་རྒྱས་རབས་བདུན། འཁོར་གཡུང་དྲུང་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན།  ཐེག་པ་གསུམ་གྱི་བོན་གྱིས་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པའི་དོན་མཛད་དེ་མཐར་སངས་རྒྱས་ཐམས་ཅད་མྱ་ངན་ལས་འདས། གསུངས་པའི་བོན་རྣམས་ཀྱང་རིམ་གྱིས་ནུབ་སྟེ་མི་རྟག་པའི་ཚུལ་བསྟན། དེ་བཞིན་དུ་འོ་སྐོལ་གྱི་སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་གཤེན་རབ་མི་བོས་ཀྱང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ། སྟོན་པའི་སྐུ་བྱེ་བ་ཕྲག་བརྒྱས་གདུལ་བྱའི་དོན་མཛད། གསུངས་བའི་བཀའ་ཡང་ཐོ་རངས་ཀྱི་བྱ་སྐད་ཙམ་གཅིག་སྒྲོགས།བསྟན་པའི་བོན་ཀྱང་ནམ་ལང་གི་ཉི་མ་ཙམ་གཅིག་བཞགས་ཏེ། སྟོང་ཉིད་གདུལ་བྱ་རྟག་ཏུ་རེ་བ་རྣམས་སུན་ཕྱུང་བའི་ཕྱིར། སྐུ་མི་རྟག་པའི་ཚུལ་བསྟན་ཏེ། ད་ལྟ་ནི་ཞལ་ནས་གསུངས་པའི་བོན་མ་ནུབ་པ་ཙམ་ལས། སྟོན་པ་ཉིད་ཞལ་དངོས་སུ་མི་བཞུགས་པ་མྱ་ངན་ལས་འདས། དེ་བཞིན་དུ་སྟོན་པ་ཞལ་བཞུགས་པའི་དུས་སུ། འཁོར་གྱི་དམ་པ་ཐུགས་ཀྱི་སྲས་བརྒྱད་ལ་སོགས་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་བཞུགས་པ་རྣམས་ཀྱང་རིམ་གྱིས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས། དེ་ལས་གཞན་ཡང་གསས་ཁང་དཀར་ནག་བཀྲ་གསལ་དུ་བཀའ་བསྡུ་བར་མཛད་པའི་གདུང་འཚོབ་མུ་ཆོ་སོགས་དགྲ་བཅོམ་པ་རྣམས་དང་། འཛམ་གླིང་མཁས་པའི་རྒྱན་དྲུག་ལ་སོགས་ས་ལམ་གྱི་ཡོན་ཏན་ལ་དབང་འབྱོར་པ། རྫུ་འཕྲུལ་དང་མངོན་ཤེས་ལ་ཐོགས་པ་མེད་པ་དུ་མ་ཞིག་བྱོན་པ་རྣམས་ཀྱང་། ད་ལྟ་ནི་སྔར་བྱོན་པའི་ལོ་རྒྱུས་ཙམ་ལས་གཅིག་ཀྱང་མི་བཞུཊ།གཞན་ཡང་སྟོད་ཀྱི་བླ་མ་ཆེ་དྲུག  བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི་ལ་སོཊ་རིག་པ་འཛིན་པའི་གྲུབ་ཐོབ་བརྒྱད་ཅུ་མཁས་དང་གྲུབ་པ་ལ་མངའ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཞིང་།དེ་དག་རྣམས་ཀྱང་གྲུབ་པའི་གོ་འཕང་བརྙེས། འབྱུང་བཞི་ལ་རང་དབང་ཐོབ། མེས་བསྲེག་ཏུ་མེད། ཆུས་ཁྱེར་དུ་མེད། སས་ནོན་དུ་མེད། འབྱུང་བཞིའི་གནོད་པ་དང་བྲལ་ཏེ། ནམ་མཁའ་ལ་བྱ་ལྟར་འཕུར་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན་པ་ཤ་སྟག་བཞུགས་པ་རྣམས་ཀྱང་། མཐར་ཐམས་ཅད་མི་རྟག་པའི་ཚུལ་མཛད་དེ། ད་ལྟ་ནི་ལོ་རྒྱུས་ཙམ་ལས་གཅིག་ཀྱང་མི་བཞུགས་ན། རང་རེ་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་བག་ཆགས་ངན་པས་མཚམས་སྦྱར་ཏེ། ཤ་ཁྲག་གི་རྒྱ་རུ་འཐུམས་པའི་རྣམ་ཤེས་བྱིའུ་ཆུང་འདྲ་བ་དེ། ཆ་མེད་ཀྱི་ཡུལ་དུ་འཁྱམས།    རྒྱུས་མེད་ཀྱི་ལམ་ལ་འགྲིམས། གཏད་མེད་ཀྱི་གནས་སུ་རྟེན་འཆའ་སྟེ་རང་དབང་རང་གིས་མི་ཐོབ་པའི་གནས་སྐབས་དེ་ད་ལྟ་རང་དུ་བྱུང་ནའང་ངེས་པ་མི་འཆིས་པས། ད་རེས་འཆི་རྒྱགས་སུ་དགེ་སྦྱོར་ལ་བརྩོན་འགྲུས་བསྐྱེད་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ་དགོས། ”ཞེས་གསུངས་པ་དང་མཐུན་པར།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “འདི་ལྟར་ད་ལྟའི་བསྐལ་བ་བཟང་པོ་འདི་ལ་སྔོན་གྱི་དུས་སུ་བྱོན་པའི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་རབ་བདུན་འཁོར་ཉན་ཐོས་དགྲ་བཅོམ་པའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན།  ཐེག་པ་གསུམ་གྱི་ཆོས་ཀྱིས་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པའི་དོན་མཛད་པ་དེ་དག་ཀྱང་ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་ལྷག་ཞབས་ཙམ་ལུས་པ་འདི་ཀ་མ་གཏོགས་སངས་རྒྱས་ཐམས་ཅད་ཀྱང་མྱ་ངན་ལས་འདས། བསྟན་པ་དམ་པའི་ཆོས་ཀྱང་རིམ་གྱིས་ནུབ། ད་ལྟའི་བསྟན་པ་འདི་ལ་ཉན་ཐོས་ཆེན་པོ་རེ་རེ་ཡང་འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོཊ་དང་བཅས་པ་དུ་མ་ཞིག་བྱོན་པ་དེ་དག་ཀྱང་རིམ་གྱིས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས།  དེ་ལས་གཞན་ཡང་། རྒྱ་གར་འཕགས་པའི་ཡུལ་དུ་བཀའི་བསྡུ་བ་མཛད་པའི་དགྲ་བཅོམ་ལྔ་བརྒྱ། རྒྱན་དྲུག་མཆོག་གཉིས། གྲུབ་ཐོབ་བརྒྱད་ཅུ་སོགས་ས་དང་ལམ་གྱི་ཡོན་ཏན་ལ་དབང་འབྱོར་བ། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ་དུ་མ་ཞིག་བྱོན་ཀྱང་། ད་ལྟ་ནི་སྔར་དེ་ལྟ་བུ་བྱོན་ནོ་ཞེས་པའི་ལོ་རྒྱུས་ཙམ་ལས་གཅིག་ཀྱང་མི་བཞུགས། བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཨོ་རྒྱན་སངས་རྒྱས་གཉིས་པས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ་རྗེ་འབངས་གྲུབ་ཆེན་ཉེར་ལྔ། ཡེར་བའི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་བྱོན། ཕྱིས་སུ་ཡང་། རྙིང་མའི་སོ་ཟུར་གནུབས་གསུམ། གསར་མའི་མར་མི་དྭགས་གསུམ་ལ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། དེ་དག་ཕལ་ཆེ་བ་གྲུབ་པའི་གོ་འཕང་བརྙེས། འབྱུང་བ་བཞི་ལ་རང་དབང་བསྒྱུར། དངོས་པོ་དངོས་མེད་དང་དངོས་མེད་དངོས་པོར་བྱེད་པའི་རྫུ་འཕྲུལ་ཡ་མ་ཟུང་སྟོན། མེས་མི་ཚིག  ཆུས་མི་ཁྱེར། སས་མི་ནོན། གཡང་ལ་མི་ལྷུང་། འབྱུང་བཞིའི་གནོད་པ་དང་བྲལ་བ་ཤ་སྟག་ཡིན་ཏེ། མཐར་ཐམས་ཅད་མི་རྟག་པའི་ཚུལ་བསྟན་ཏེ་ད་ལྟ་ནི་ལོ་རྒྱུས་ཀྱི་མིང་ཙམ་ལས་མི་འདུག་ན། རང་རེ་ལས་ངན་གྱིས་རྒྱུ་བྱས་རྐྱེན་ངན་གྱི་རླུང་གིས་དེད། བག་ཆགས་ངན་པས་མཚམས་སྦྱར། འབྱུང་བ་བཞིའི་གདོས་པོས་བཅིངས། མི་གཙང་བའི་འཁྲུལ་འཁོར་ལ་སེམས་ཀྱི་རྒྱུད་བསྟེན་པ་སྒྱུ་ལུས་ཀྱི་ཐོ་ཡོར་འདི་ལ་ནམ་འཇིག་དང་འདིར་འཇིག་གི་ངེས་པ་མེད་པས། ད་ལྟ་ཉིད་ནས་སྒོ་གསུམ་དགེ་བ་ལ་བསྐུལ་དགོས་སྙམ་དུ་བསྒོམ་མོ།།”ཞེས་གསུངས་ཡོད་དོ།།

༤ བཞི་པ་སེམས་ཅན་གྱི་སྐྱེ་འཆི་ལ་བསམས་ཏེ་མི་རྟག་པ་བསྒོམ་ཚུལ་གཅིག་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས།“འདི་ལྟར་མཐོ་སྟེ་སྲིད་པའི་རྩེ་མོ་ཕྱིན་ཆད་ནས། དམའ་སྟེ་དམྱལ་བའི་གདན་ལ་ཐུག་པ་ཡན་ཆད་ལ་སེམས་ཅན་ཡོད་དོ་ཅོག་ལ་འཆི་བའི་གནས་ལས་ཐར་པ་ནི་གཅིག་ཀྱང་མེད་དེ། ཚེ་བསྐལ་པ་དང་མཉམ། ལུས་དཔག་ཚད་དང་རྒྱང་གྲགས་སུ་ཁྱབ། གཟི་བརྗིད་ཉི་ཟླ་ལས་དཔག འདོད་ཡོན་ཟད་པ་མེད་པ་ལ་ལོངས་སྤྱོད་པའི་ལྷ་ཚངས་པ་དང་། དབང་པོ་ལ་སོགས་འཇིག་རྟེན་གྱི་བདག་པོ་རྣམས་ཀྱང་འཆི་བའི་གནས་ལས་ཐར་བ་གཅིག་ཀྱང་མེད། སྟག་གཟིག་འཕགས་པའི་ཡུལ་གྱི་མང་པོས་བཀུར་བའི་རྒྱལ་རྒྱུད། དམུ་རྒྱང་རྐོང་ཚ་དབང་ལྡན་ཧོས་རྒྱལ་དང་བ་ཡིད་རིང་། དཔོ་རྒྱལ་འབར་བའི་སྒྲོན་མ། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་སོགས་བསྟན་འཛིན་གྱི་རྒྱལ་པོ། མངའ་ཐང་དང་སྟོབས་འབྱོར་ལྷ་ལ་འགྲན་ནུས་པ་ཙམ་ཡོད་པ་དུ་མ་ཞིག་བྱོན་པ་རྣམས་ཀྱང་། ད་ལྟ་ནི་དེ་དག་གི་ལོ་རྒྱུས་ཙམ་མ་གཏོགས་གཅིག་ཀྱང་མི་བཞུགས། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱལ། སྟོང་སྡེ་དགུ་ཁྲི་དགུ་འབུམ་ལ་མངའ་དབང་བསྒྱུར་བ་ཡོད་ཀྱང་། བོད་རྒྱལ་ཁྲི་དགུ་འབུམ་ལ་མངའ་དབང་བསྒྱུར་བ་ཡོད་ཀྱང་། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གཡོ་སྒྱུ་དང་ངན་ཐབས་ཀྱིས། བོན་སྐྱོང་རྒྱལ་བོ་དངོས་སུ་བཀྲོང་། ཞང་ཞུང་གི་འབུམ་སྡེ་མངའ་ཞབས་སུ་བསྡུས་ཏེ།མཐར་ཐམས་ཅད་མི་རྟག་པའི་རང་བཞིན་དེ་ལྟ་བུར་གྱུར།    བོད་གངས་ཅན་གྱི་ཞིང་འདིར་ཡང་།  རྗེ་གཉའ་ཁྲི་བཙན་པོ་གནམ་གྱི་ལྷ་ལས་མིའི་རྗེར་བྱོན་པ་ནས་བཟུང་སྟེ། གནམ་གྱི་ཁྲི་བདུན། བར་གྱི་ལྡེང་གཉིས། ས་ལ་ལེགས་དྲུག ཆུ་ལ་སྡེ་བརྒྱད། བར་གྱི་བཙན་ལྔ།   རིག་པ་ཅན་གྱི་རྒྱལ་པོ་བཞི། ཡོན་ཏན་ཅན་གྱི་རྒྱལ་པོ་ལྔ་ལ་སོགས་པ་རྒྱ་གར་རྒྱ་ནག་གེ་སར་སྟག་གཟིག་ལ་སོགས་འཛམ་བུ་གླིང་གི་སུམ་ཆ་ཙམ་རེ་ལ་མངའ་དབང་བྱེད་པའི་རྒྱལ་པོ་བྱོན་པ་རྣམས་ཀྱང་། ད་ལྟ་ནི་དེ་ལྟ་བུའི་ལོ་རྒྱུས་ཙམ་ལས་མཐར་ཐམས་ཅད་འཆི་བའི་གནས་ལས་མ་ཐར་ཏེ་གཅིག་ཀྱང་ལུས་པ་མེད། དེ་བཞིན་དུ་རང་གི་ཡབ་མྱེས་གོང་མ་རྣམས་ཀྱང་གཅིག་རྗེས་སུ་གཅིག་མཐུད་དེ་ཐམས་ཅད་ཤི་བ་ཡང་། ད་ལྟ་ནི་མིང་གི་ལྷག་མ་ཙམ་ལས་འཆི་བའི་གནས་ལས་ཐར་བ་ཞིག་སུས་ཀྱང་མཐོང་དུ་ཡོད་པ་མ་ཡིན་ཏེ། དེ་བཞིན་རང་གི་ཚེ་འདི་ཙམ་གྱི་རིང་ལའང་། རང་དང་ན་ཚོད་མཐུན་པ། རང་བས་རྒས་པ། རང་བས་གཞོན་པ་ལ་སོགས་ཤི་བ་མིག་གིས་མཐོང་བ་ལས།རྣ་བས་ཐོས་པ་མང་། དེ་བས་ཀྱང་རང་གི་ཚེ་གང་གི་རིང་ལ་ཤི་བ་ནི་གྲངས་ཀྱིས་མི་ཆོད། དེར་མ་ཟད་ན་ནིང་དང་ད་ལོའི་བར་འདི་ལའང་། ཡུལ་མི་དང་ཁྱིམ་མཚེས་སོགས་ཤི་བ་མཐོང་ཆོས་སུ་གྱུར་པ་འདི་ལ་བསམས་ཀྱང་རང་ཡང་ནམ་འཆི་དང་འདིར་འཆི་ཆ་མེད་དེ། མདོར་ན་ད་ལྟའི་འཛམ་བུ་གླིང་གི་ས་སྟེངས་སུ་སེམས་ཅན་ཇི་ཙམ་ཡོད་པ་དེ་དག་ཀུན། ལོ་བརྒྱ་ཚུན་ཆད་གཅིག་ཀྱང་མི་ལུས་པ་ཀུན་འཆི་བར་འགྱུར་བས་ན་རང་ཉིད་ཀྱང་འཆི་ངེས། ནམ་འཆི་ཆ་མེད། ”ཅེས་སོགས་སུ་གསུངས་པ་དང་ཤིན་ཏུ་མཚུངས་པར།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། “ཚེ་བསྐལ་བར་ཐུབ་ཅིང་གཟི་བརྗིད་ཕུན་སུམ་ཚོགས་པའི་ལྷ་དང་དྲང་སྲོང་རྣམས་ཀྱང་འཆི་བའི་གནས་ལས་མ་ཐར་ཏེ། འདི་ལྟར་སྐྱེ་དགུའི་བདག་པོ་ཚངས་པ་དང་། དབང་བོ་དང་། ཁྱབ་འཇུག་དང་། དྲག་པོ་ལ་སོགས་པ་བསྐལ་བའི་བར་དུ་གནས་ཐུབ་པའི་ཚེ་དང་། དཔག་ཚད་དང་རྒྱང་གྲགས་ཙམ་དུ་སླེབ་པའི་ལུས་དང་། ཉི་མ་དང་ཟླ་བའང་ཟིལ་གྱིས་གནོན་པའི་གཟི་བརྗིད་མངའ་བ་རྣམས་ཀྱང་འཆི་བའི་གནས་ལས་ཐར་བ་མེད། གཞན་ཡང་ལྷ་དང་མི་ཡི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་གྱི་མཐུས་ནམ་མཁའི་ལམ་ལ་འགྲོ་བ་རྣམས་ཀྱང་མཐར་འཆི་བའི་གནས་ལས་འདའ་མི་ནུས། འཇིག་རྟེན་མི་ཡུལ་འདིར་ཡང་སྟོབས་དང་འབྱོར་བས་མངོན་པར་མཐོ་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་དང་། གཞན་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མང་པོས་བཀུར་བའི་རྒྱལ་བརྒྱུད་ལས་འཛམ་གླིང་ལ་མངའ་དབང་བྱེད་པའི་རྒྱལ་པོ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། བོད་གངས་ཅན་གྱི་ལྗོངས་སུའང་། རྗེ་གཉའ་ཁྲི་བཙན་པོ་བྱང་ཆུབ་སེམས་དཔའ་སྒྲུབ་པ་རྣམ་སེལ་གྱི་སྤྲུལ་པ་ལྷའི་རྒྱལ་པོ་བྱིན་པ་ནས་བཟུང་སྟེ། གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག  བར་ལ་སྡེ་བརྒྱད། ཚིགས་ལ་བཙན་ལྔ། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ལ་སོགས་པ་བྱོན་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ། སྟོད་བལ་བོའི་ཡུལ་ནས་སྨད་རྒྱ་ནག་གི་ཡུལ་ཁམས་ཡན་ཆད་སྤྲུལ་བའི་དམག་གིས་བཏུལ། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། འཛམ་བུའི་གླིང་གི་སུམ་གཉིས་མངའ་འོག་ཏུ་བསྡུས། ཆོས་རྒྱལ་རལ་པ་ཅན་གྱི་རིང་ལ། རྒྱ་གར་ཆུ་བོ་གང་གཱའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བསླངས་ཏེ། རྒྱ་བོད་ཀྱི་ས་མཚམས་མཛད། རྒྱ་གར་ནག་གེ་སར་སྟག་གཟིག་ལ་སོགས་པ། རྒྱལ་ཁབ་མང་པོ་མངའ་ཞབས་སུ་བསྡུས་ནས། ལོ་སར་གྱི་སྟོན་མོ། ལྷ་སའི་གླིང་དུ་ཉིན་གཅིག་ལ་སླེབ་དགོས་པའི་མངའ་ཐང་ཡོད་པ་སོགས་ཀྱང་། ད་ལྟ་དེ་ལྟ་བུ་བྱུང་བའི་གཏམ་ཙམ་མ་གཏོགས་ཅི་ཡང་མེད་པའི་གནས་སྐབས་ལ་བསམ་ན། རང་རེའི་ད་ལྟའི་གནས་ཁང་དང་། ལོངས་སྤྱོད། འཁོར་དང་མངའ་ཐང་ལ་སོགས་ཅི་ཙམ་བཟང་བར་བརྩི་བ་རྣམས་ཀྱང་སྔ་མ་རྣམས་ལ་དཔག་ན། སྦྲང་མའི་ཚང་ཙམ་ལས་མེད་ན། འདི་ལྟ་བུ་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་བསྒོམ་མོ།།”ཞེས་སོགས་སུ་གསུངས་ཡོད་དོ།།

དེ་བས་ན། གོང་སྨྲོས་ཀྱི་ཕྱོགས་འདི་ཙམ་ནས་ཀྱང་བན་བོན་གྱི་གྲུབ་མཐའ་མི་འགལ་ཞིང་ཤཱཀ་གཤེན་གྱི་བསྟན་པ་ནང་བ་སངས་རྒྱས་ཀྱི་བསྟན་པ་ཡིན་པ་ཐེ་ཚོམ་མེད་པར་རྟོགས་ནུས་པ་ཡིན་ནོ།།

སྨྲས་པ།

བན་བོན་ཐོག་མའི་ཟ་སྐལ་སུ་ཡིས་བརྩད།།

བཙན་པོ་གཉའ་ཁྲིའི་རྒྱལ་རབས་སུ་ཡིས་གཏོར།།

འཛད་མེད་གྲུབ་མཐའི་ནང་འཁྲུག་སུ་ཡིས་བཟོས།།

ཐ་མ་གངས་ལྗོངས་སྡུག་ལ་སུ་ཡིས་སྦྱར།།

 

བན་བོན་འཐབ་པས་བོན་བསྟན་ལྷག་མེད་བཟོས།།

ཆོས་སྲིད་འཐབ་པས་རྒྱལ་སྲིད་ཐང་ལ་འཕངས།།

ཆོས་དོན་མ་རྟོགས་ཆོས་འཁྲུག་ཡུན་དུ་བྱས།།

སྲིད་དོན་མ་ཤེས་རྒྱལ་ཁབ་གཞན་ལ་ཤོར།།

 

མདོར་ན་རྒྱལ་རབས་གཏོར་བའི་སྙིང་ནད་ཀྱིས།།

རྒྱལ་བའི་བཀའ་ལ་ལོག་ལྟ་སྐྱེ་མཁན་མང་།།

དཔའ་རྡོར་ལ་སྡང་དར་མར་དད་མཁན་བྱུང་།།

རྒྱལ་པན་ཟུང་ལ་དམོད་འཛིང་བྱེད་མཁན་གདའ།།

 

འོན་ཏེ་བན་བོན་གསར་རྙིང་ཕྱི་ནང་སོགས།།

ལྟ་བ་མི་མཐུན་བརྒྱ་འགལ་སྟོང་འགལ་ཡང་།།

ཉམ་ཆུང་བོད་མིའི་ལས་དབང་དྲན་ཐེངས་རེར།།

ཕན་ཚུན་དུང་བའི་མིག་ཆུ་སུས་མི་འཆོར།།

 

ཞེས་པ་ནི་སྐབས་འདིའི་རང་སེམས་མཚོན་པའི་ཚིགས་བཅད་དུ་རང་དབང་མེད་པར་ཐལ་བ་སྟེ། ༼ཤར་རྫོགས་སྔོན་འགྲོའི་ཞལ་ལུང་༽འདི་རྒྱས་པར་ཁོ་བོའི་རྩོམ་དེབ་ཕྱོགས་བསྒྲིགས་ལ་གཟིགས་པར་འཚལ་ལོ་ཞེས་འབའ་དོན་གྲུབ་རྒྱལ་གྱིས་སྤྱི་ལོ ༢༠༡༥ ལོའི་ཟླ ༩ བའི་ཚེས ༢༩ཉིན་སྦྱར་བ་དགེའོ།།

 ༼ཁུངས་གཏུག་སའི་དཔེ་གཞུང་།༽

༡ བན་ལུགས་པའི་མཁས་དབང་ཆེན་མོ་རྫོཊ་ཆེན་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི༼སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང།༽ ༡༩༩༠ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ།

༢ བོན་ལུགས་པའི་མཁས་དབང་ཆེན་མོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་མཛད་པའིསྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།༽༢༠༠༠ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ།

མཆན། ①ཤར་རྫོགས། — ཤར་ནི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་རྫོགས་ནི་རྫོགས་ཆེན་དཔལ་སྤྲུལ་ལ་གོའོ།

འབའ་དོན་གྲུབ་རྒྱལ། བཞུགས་གནས། བོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *