༓ མེ་ལོང་ལས་རང་ཉིད་འཚོལ་བ།

རྩོམ་ཡིག་འདི་ཐེངས། 416 བཀླགས་འདུག

དགེ་རྒན་དུས་ཆེན་ལ་ཕུལ་བའི་གཏམ།

ཐོག་མར་གནམ་འོག་གི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། དེ་ནས་རང་ཉིད་ཆུང་ངུ་ནས་ཤེས་བྱའི་ལམ་དུ་ཁྲིད་ཅིང་ཇི་ལྟར་མྱི་བཅའ་བའི་ལས་ལ་དཔེ་སྟོན་སྣེ་ཁྲིད་མཛད་མྱོང་བའི་བཤེས་གཉེན་རྣམས་ལ་ཆེད་དུ་གུས་ཕྱག་འབུལ། སྤྱིར་དེ་རིང་ནི་ང་ཚོ་རང་གི་དུས་ཆེན་ཡིན་པས་མ་མཐའ་ཡང་སེམས་ལ་དགའ་བ་ཕྲན་ཙམ་སྐྱེ་འོས་ཀྱང་། ངའི་སེམས་ལ་ཆུ་གཉེར་ཤིག་ཤིག་ཏུ་གཡོས་ཤིང་འཁོར་འོང་བ་ནི་དྲི་བ་ཞིག་རེད། དྲི་བ་དེ་ནི་ཆོ་འཕྲུལ་ཅིག་དང་མཚུངས་པར་སྐབས་རེར་ཤུགས་ཀྱིས་འཕྱོ་ཞིང་། ལན་རེར་བར་སྣང་གི་སྐར་ཚོགས་བཞིན་དུ་གསལ་ཙམ་མོག་ཙམ་བྱེད་པས། ངས་རང་གི་མེ་ལོང་ལ་ཅེ་རེར་བལྟ་དགོས་བྱུང་།

༼ དགེ་རྒན་ནི་ངོ་མ་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཡིན་ནམ། ༽

དྲི་བ་འདི་ལ་དྲིས་ལན་འཚོལ་དུས་ང་མི་ལོ་ཉི་ཤུའི་རབ་ཁ་ནས་ཡུན་རིང་ལུས་ཤིང་། ཕྱི་མིག་ལིང་ལིང་གིས་བསམ་གཞིག་གཏོང་དུས། མིག་ལམ་དུ་ཤར་འོངས་པ་ནི་ངོ་མདངས་ཤོར་ཞིང་འོག་མིག་གིས་ཡང་ཡང་ལྟ་བའི་བྱིས་པ་མི་ཉུང་བ་ཞིག་གི་སྣང་བརྙན་རེད། དེ་དག་ནི་ཉེས་ཆད་ཕོག་པའི་བཙོན་མ་འགའ་ཞིག་དང་མཚུངས་ལ། ཉེན་འཚབ་ཀྱིས་འགག་ལ་གཏུག་པའི་རི་དྭགས་ཁྱུ་ཅིག་དང་ཡང་འདྲ་བས། ངས་གཞི་ནས་གཅར་རྡུང་ཤ་ཚ་རུ་བསམ་ཞིང་། སྡོམ་གཅུན་དོ་དམ་དུ་འདོད་པ་དང་། ཧམ་སེམས་ཕུགས་བསམ་དུ་བསྒོམས་ཤིང་། རྒྱུ་སྤུས་གྲངས་ཀ་རུ་འཛིན་པ། འུར་སྒྲོག་སྙན་གྲགས་སུ་བརྩི་ཞིང་། སྟོང་འདང་མིག་རྒྱང་དུ་འཁྲུལ་བ། སྒེར་གཅོད་དབང་ཆ་རུ་བསམས་ཤིང་། བླ་བཙག་བསམ་འཆར་དུ་བཟུང་བའི་མཁའ་དབུགས་འཁྱག་མོ་དེ་ཡིད་ལ་འཁོར་ཡོང་།

དོན་དུ་ང་ཚོས་ནམ་ལངས་ས་རུབ་ཀྱིས་འབད་ཅིང་འབུངས་ལ་རྒྱུག་ཅིང་འདུར་བ་ཚང་མ་བྱིས་པའི་ཆེད་དུ་ཡིན་ལ། སུ་ཞིག་གིས་བྲབས་པའི་ལྕག་ཚན་ལྟ་བུའི་གཤེ་གཤེ་མྱོང་བ་དང་། གང་ཞིག་གིས་རྦད་པའི་ཁྱི་སྨྱོན་ལྟ་བུའི་སྒྲིག་སྲོལ་དང་དུ་ལེན་པ། ཡང་ན་འོག་རླུང་ལས་ཀྱང་ཁ་ཞིང་སྐྱུག་མེར་ལྡང་བའི་གཏམ་བཤད་ཀྱིས་ཁྲོམ་གཅོག་པར་ཐལ་མོ་ཡང་ཡང་རྡེབ་པ་ཚང་མ་བྱིས་པའི་ཆེད་ཡིན་པས། དགེ་རྒན་ཚོས་སྡུག་མྱངས་པ་ནི་ཉུང་ཉུང་ཞིག་ག་ལ་ཡིན་ཏེ། བྱིས་པ་ཞིག་ལ་མཚོན་ན་དགེ་རྒན་གྱི་འདི་ལྟ་བུའི་དཀའ་སྡུག་ཡོད་ཚད་ནི་ད་གཟོད་སོ་སོའི་ཆར་གདུགས་དང་སྒྲོན་མེར་གྱུར་ཡོད།

ཡིན་ནའང་དགེ་རྒན་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཡིན་མིན་གྱི་མེ་ལོང་དུ་ཅེར་ཚེ། ངས་རང་ཉིད་ཀྱི་ཕོ་ལོ་བཞི་བཅུའི་སྣང་བརྙན་རབ་རིབ་ཅིག་ལས་མཐོང་མི་ཐུབ་ལ། སྣང་བརྙན་དེ་ཡང་སྐབས་རེར་རང་ཉིད་དུ་སྣང་ལ་ལན་རེར་འཇིམ་པའམ་རྡོ་བའམ་སྡོང་དུམ་མམ་ཤེལ་དམ་སྟོང་བ་ཞིག་ཏུའང་གྱུར་འགྲོ་བས། དོན་ངོ་མ་ང་སུ་དང་ངའི་སྣང་བརྙན་ནི་གང་ཡིན་ནམ། ང་རང་ལའང་དོགས་པ་ཟའོ།།

མིའི་རྣམ་ཤེས་དང་ཤེས་རབ་ནི་བཟོ་རྒྱུ་ཞིག་དང་བསྐྲུན་རྒྱུ་ཞིག་ཡིན་ནམ་གསོ་རྒྱུ་ཞིག་དང་སྦྱང་རྒྱུ་ཞིག་ཡིན། བསླབ་དེབ་ཁོ་ན་ཁྲིད་པས་མིའི་རྣམ་ཤེས་བཟོ་ཐུབ་བམ། སྐར་འབྲས་ཁོ་ན་དེད་པས་མིའི་རྣམ་ཤེས་བསྐྲུན་ཐུབ་བམ། དོན་ལ་སློབ་གསོ་ནི་མིའི་ཤེས་རབ་བསྐྱེད་ཅིང་མི་གཞི་དང་འཇོན་ནུས་གསོ་བའི་ལས་ཀ་ཞིག་ཡིན་ན། ཤེས་རབ་ནི་ཀློག་འདོན་ཡིན་ནམ། མི་གཞི་ནི་སྐར་མ་ཡིན་ནམ། འཇོན་ཐང་ཡང་བརྐུ་འབྲི་ལ་གོམས་པ་དེ་ཡིན་ནམ།

ང་ཚོས་བྱིས་པའི་སེམས་གཏིང་གི་དགའ་མོས་ཀྱི་འབུ་ཕྲ་མ་མཐོང་མ་སྒུལ་ལ། བྱིས་པའི་ཤེས་འདོད་ཀྱི་མཚར་སྣང་མི་གཉོར་མི་བརྩི་བར་སྐད་ངག་འཛེར་འཛེར་གྱིས་ཅི་ཞིག་བྱེད་རྩིས་ཡིན། གོམ་ཁ་འཚབ་འཚུབ་ཀྱིས་གང་ལ་འདེད་རྩིས་ཡིན། དུས་རྒྱུན་དྲི་བ་འདི་རིགས་རང་གི་སེམས་ལ་འདྲི་དུས་ཀྱི་སྐད་ཅིག་མ་རེ་རེར། ང་ལ་དག྄ེ་རྒན་གྱི་མིང་བྱང་འདི་མི་ཐེག་པ་འདྲ་བའི་སྡུག་བསྔལ་འབྱུང་ལ། རིག་རིག་ཏུ་རང་གི་མེ་ལོང་ལ་ལྟ་དགོས་འབྱུང་། ཡིན་ནའང་ངས་ཇི་ལྟར་བལྟས་ཀྱང་རང་གི་ཕུང་བོ་འོད་སྣང་དང་ལྡན་པ་དེ་མཐོང་མ་སོང་། མཐོང་མ་སོང་།

དེ་ལྟ་ནའང་ངའི་མཐའ་འཁོར་གྱི་ཡོད་ཚད་ཐུགས་ལྷོད་ལྷོད་ངང་བཞུགས་ཆོག་སྟེ། ངས་ངན་ཁག་སུ་ལའང་དཀྲི་རྩིས་མེད། ངས་རང་གི་མ་འཇོན་པ་དེ་ནམ་མཁའ་ལན་སོང་མི་ཟེར། ས་གཞི་ལན་སོང་མི་ཟེར། རི་རབ་དང་གཙང་བོ་ལན་སོང་ཡང་མི་ཟེར་ཏེ། ཁ་གཡོར་སར་དགའ་བའི་མི་ལ་རེ་བ་གང་ཡང་མེད་པས་སོ།།

དེའི་ཕྱིར་སྐབས་སོ་གཅིག་པའི་དགེ་རྒན་དུས་ཆེན་གྱི་ཉི་མ་དེ་རིང་ནི་ངས་རང་ཉིད་འཚོལ་བའི་ཉི་མ་དང་དུས་ཚིགས་ཤིག་ཡིན་ཏེ། ཀྱེ་ངའི་མེ་ལོང་གང་དུ་འདུག ངའི་ངོ་གདོང་ངོ་མ་དེ་གང་རེད། གཟེངས་རྟགས་ཆལ་ཆོལ་གསེབ་ཀྱི་དེ་ཨེ་རེད། བསྟོད་པའི་བྲག་ཅའི་ནང་གི་དེ་ཨེ་རེད། དེ་ན་གཤེ་གཤེ་དང་སྐྱོན་བརྗོད་ཀྱི་རླུང་ནང་གི་དེ་ཨེ་རེད།

མ་རེད་མ་རེད། མ་རེད།

བྱིས་པ་ཁོ་ན་ནི་ངའི་མཐར་ཐུག་གི་མེ་ལོང་དང་། བྱིའི་པའི་སེམས་ནང་གི་དེ་ནི་ངས་འཚོལ་གྱིན་པའི་རང་ཉིད་ཀྱི་སྣང་བརྙན་དེ་ལགས་ན། ང་ནི་ཡོངས་སུ་བྱིས་པ་ལ་དབང་རྒྱུ་དེ་ཙམ་མོ།།

                                  ཁ་དྲོ།   བཀྲ་ཤིས།

                     ཁྱུང་བཟང་གིས་ ༢༠༡༥། ༩ ། ༡༠ ཉིན་གྱི་ཞོགས་པར་རོང་བོ་ནས།

ཁྱུང་བཟང་། བཞུགས་གནས། བོད། རེབ་གོང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *