དབུ་མའི་གཞུང་ལས་འཕྲོས་པའི་དྭོགས་གནས་འགའ་ཡི་ཤན་འབྱེད།

རྩོམ་ཡིག་འདི་ཐེངས། 787 བཀླགས་འདུག

དེ་ལ་ཡང་རང་ལུགས་སུ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མ་པའི་གྲུབ་མཐར་སྨྲ་བ་ལ་རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང་མཚན་མ་ཀུན་བྲལ་ཅིར་མི་སྣང་བ་གཉིས་ཡོད་པའི་འདི་གཉིས་ཀྱི་ཐེག་པའམ་འདོད་ཚུལ་ཁྱད་པར་བརྗོད་པ་བཀའ་དང་བཀའ་བརྟེན་དུ་མ་ལས་གསལ་བ་ལྟར་འདིར་ཆེ་ལོང་ཙམ་དུ་ཁུངས་ཀྱི་གཞིར་དྲང་ན། “།དགག་བྱའི་དོན་ལ་གཉིས་ཏེ། རོལ་པ་སྐྱེ་མཆེད་ལྟར་སྣང་བའི་འདོད་པ་དང༌། མཚན་མ་ཀུན་བྲལ་ཅིར་མི་སྣང་གི་འདོད་པའོ། །དེ་གཉིས་ཀྱི་འདོད་པ་ནི། ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ནོ། །དེ་གཏན་ལ་འབེབས་པའི་སྐབས་སུ། བརྟགས་པ་བོན་ཅན་དུ་བཞག་ནས་བརྟགས་པ་འགེགས་པར་མཐུན། སྣང་བ་བོན་ཅན་དུ་བཞག་ནས་བརྟགས་པ་འགེགས་པར་མཐུན་ཏེ། སྣང་བ་བོན་ཅན་དུ་བཞག་ནས་སྣང་བ་འགེགས་པ་ལ་མ་མཐུན་ཏེ། རོལ་པ་སྐྱེ་མཆེད་ཀྱི་ལུགས་ཀྱིས་སྣང་བ་བོན་ཅན་ལ་གཏན་ཚིགས་གཅིག་དང་དུ་བྲལ་གྱིས། ཡང་དག་གི་སྤྲོས་པ་བཅད་ནས་ཤུགས་ལ་སྐྱེ་མཆེད་སྒྱུ་མ་རྫུན་དུ་ཡོངས་སུ་གཅོད་ཅིང་བསྒྲུབ་པའོ།”༡ཞེས་དང་། “མཚན་མ་ཀུན་བྲལ་ཅིར་མི་གནས་ཀྱི་གོ་བ་ནི། སྣང་བ་ལ་རིགས་པས་དཔྱད་ན་རྣམ་པར་བཅད་པ་ཙམ་ལ་ཐ་སྙད་བཏགས་ཏེ། སྤྲོས་པ་ཐམས་ཅད་ཡོངས་སུ་བྲལ་བའི་ཕྱིར་རོ། །

རིག་པའི་ངོ་ན་ཡོངས་གཅོད་མི་གནས་ཏེ། ཡོངས་སུ་བཅད་ན་ཡང་དག་པར་འགྱུར་བའི་ཕྱིར་རོ།”༢ཞེས་དང་། “དབྱེ་ངོ་ནི། རོལ་པ་སྐྱེ་མཆེད་ལྟར་སྣང་གི་འདོད་པ་དང༌། མཚན་མ་ཀུན་བྲལ་ཅིར་མི་སྣང་གི་འདོད་པའོ། །རྒྱུ་མཚན་ནི། མཐར་ཐུག་གཅོད་བྱེད་ཀྱི་རྟགས་ཀྱིས་ཡང་དག་གི་སྤྲོས་པ་གཅོད་ནས། ཤུགས་ལ་སྐྱེ་མཆེད་སྒྱུ་མ་རྫུན་དུ་བསྒྲུབ་པའི་རང་རྒྱུད་ཀྱི་དམ་བཅའ་འགོད་པ་དང༌། མི་འགོད་པ་ལ་སོགས་ལས་རིམ་བཞིན་ཕྱེ་བའོ།”༣དེ་ལ་རྟོག་གེ་བ་ཁ་ཅིག་གིས་བཀའ་ལུང་གི་ཚིག་རིས་ཕྱོགས་འགའ་ཙམ་ལ་ཡིད་རྟོན་ཆེས་ཆེར་བསྐྱེད་དེ་རོལ་པ་སྐྱེ་མཆེད་པ་ཙམ་ལས་མཚན་མ་ཀུན་བྲལ་བས་ཡོངས་གཅོད་ཀྱི་བསྒྲུབ་བྱ་གཞི་ནས་བཞེད་ཀྱི་མེད་པར་ཟེར་སྐད་དོ། དེ་ལྟར་ན་“སྟོབས་ཤུགས་ཀྱི་ཚད་མ་མེད་ཀྱང་། ཐ་སྙད་གྲགས་ངོ་ཙམ་དུ་མ་དཔྱད་པའི་སྣང་བ་རྫུན་པ་དག་རྟོགས་པའི་ཚད་མས་རྨི་ལམ་སྒྱུ་མ་ལྟ་བུར་སྒྲུབ་པ་དང་། མེད་དགག་ནམ་མཁའ་ལྟར་སྒྲུབ་པའི་ཚད་མ་ཡོད་”༤ཅེས་པའི་ལུང་འདི་སྤྲོས་མེད་སྡེ་གཉིས་གང་གི་ལུགས་སུ་སྦྱར་དུ་མི་བཏུབ་པར་འགྱུར་ཏེ། འདིས་སྟོབས་ཤུགས་ཚད་མ་མེད་པར་བསྟན་པས་སྐྱེ་མཆེད་ལུགས་སུ་མི་འཐད་ལ། ཐ་སྙད་གྲགས་ངོ་ཙམ་དུ་ཡོངས་གཅོད་ཀྱི་བསྒྲུབ་བྱ་བསྟན་པས། ཀུན་བྲལ་བའི་ལུགས་སུ་མི་རུང་བར་སྔར་གྱི་ཁས་བླངས་ཀྱིས་ཐལ་བས་སོ།

གཞན་ཡང་“།དེ་གཉིས་ཀྱི་འདོད་པ་ནི། ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ནོ།”༥ཞེས་པའི་མཚམས་ནས་ཀྱང་། “།ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་སུ་སྣང་བ་མི་འགེགས་པ་དང༌། ཚད་མ་དེས་རྣམ་གཅོད་ཡོངས་གཅོད་གཉིས་ཀ་བྱེད་དོ།”༦ཞེས་གསུངས་པའི་ལུང་འདིས་ཀྱང་ཀུན་བྲལ་བའི་ལུགས་སུ་སྣང་བ་སྒྱུ་མ་ལྟ་བུར་ཡོངས་གཅོད་དུ་བཞེད་ཀྱི་ཡོད་པར་གྲུབ་བོ། ཡང་ཁ་ཅིག་གིས་བདེན་གཉིས་གཏན་ལ་འབེབས་པའི་སྐབས་སོ་སོར་ཕྱེས་ཏེ། ལུང་དེ་དག་དོན་དམ་གཏན་ལ་འབེབས་པའི་སྐབས་དོན་ལ་འགྲེལ་ཏེ་རོལ་པ་སྐྱེ་མཆེད་པའི་ལུགས་སུ་དོན་དཔྱོད་ཀྱི་ཚད་མས་བདེན་དངོས་ལས་སྐྱེ་མཆེད་རྣམས་མ་བཀག་པར་སྒྱུ་མ་ལྟ་བུར་ཡོངས་གཅོད་དུ་རྟོགས་ཤིང་སྒྲུབ་སྐད་དང་། མཚན་མ་ཀུན་བྲལ་བའི་ལུགས་སུ་དོན་དཔྱོད་ཀྱི་ཚད་མས་དེ་གཉིས་མ་ལུས་མཉམ་པར་བཀག་པའི་དོན་ཡིན་ཟེར་རོ།

དེ་ལ་ཡང་ལུང་དང་འགལ་བ་ནི་འདི་ལྟར་ཏེ། “།དེ་གཉིས་ཀྱི་འདོད་པ་ནི། ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ནོ།”༧ཞེས་དང་། “དེ་ལ་སྐྱེ་མཆེད་དང་ཅིར་མི་གནས་གཉིས་ཀའི་ལུགས་ཀྱིས། རྣམ་པར་བཅད་པ་ཙམ་གྱི་དགག་བྱ་གང་ཡིན་ཞེ་ན། དོན་དམ་ཟབ་མོའི་བདེན་པ་ལ་དགག་སྒྲུབ་གཉིས་ཀ་མེད་དེ། བོན་ཉིད་ངོ་ཤེས་པར་བྱེད་པ་ཙམ་མོ།”༨ཞེས་དང་། “།དོན་དམ་གཏན་ལ་འབེབས་པའི་སྐབས་སུ། རྣམ་པར་བཅད་པ་ཙམ་ལས་ཡོངས་སུ་གཅོད་པ་མི་བྱེད་དོ།”༩ཞེས་པ་འདི་དག་སྐྱེ་མཆེད་དང་ཅིར་མི་སྣང་བ་གཉིས་ཀྱི་འདོད་པ་བསྟན་པའི་སྐབས་ཀྱི་ལུང་ཡིན་པས་སོ། རིག་པས་བརྟག་ན་གནོད་པ་འདི་འདྲར་འབྱུང་སྟེ། གལ་ཏེ་རོལ་པ་སྐྱེ་མཆེད་པའི་ལུགས་སུ། རིགས་ཤེས་ཀྱིས་སྣང་སྟོང་སྒྱུ་མ་ལྟ་བུ་རྟོགས་ན། དེའི་རྗེས་ཀྱི་མཐོང་སྒོམ་མཉམ་བཞག་གིས་ཀྱང་རྟོགས་པར་ཐལ་ཏེ། དེ་དག་ཀྱང་རྟོག་བྲལ་ཡིན་མིན་གྱི་ཁྱད་ཙམ་ལས་སྔར་གྱི་རིགས་ཤེས་ཀྱི་རྒྱུན་ཕྱི་མ་ཡིན་པ་མ་ཟད་ཐབས་ཤེས་གཉིས་ལས་ཤེས་རབ་ཡིན་པར་གཅིག་པས་སོ།

འོ་ན་ཁྱོད་རང་གིས་སྔར་གྱི་ལུང་དེ་དག་གི་དགོངས་པ་ཇི་ལྟར་ཡིན་སྙམ་ཞེ་ན། དེ་གཉིས་ཀྱི་འདོད་པའི་ཁྱད་པར་ནི། གཞུང་ཚིག་དངོས་བསྟན་ལ་༡༠གཅིག་དང་དུ་བྲལ་ལས་སྐྱེ་མཆེད་སྒྱུ་མ་ལྟ་བུ་ཡོངས་གཅོད་བྱེད་དང་མི་བྱེད་ཀྱི་ཁྱད་པར་ཕྱེས་པའི་བཟོ་ལྟར་སྣང་ནའང་དེ་ལྟར་མི་འཐད་པར་སྔར་བཤད་ཟིན་ལས་གོ་ནུས་སོ། ལུང་དེ་དག་ཐེག་ཆེན་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་གྲུབ་མཐའ་གཞི་བདེན་པ་གཉིས་པོ་དེ་རེ་རེ་ཁ་ཡར་ལྟར་གཏན་ལ་འབེབས་བྱེད་མ་ཡིན་པར་བདེན་པ་གཉིས་ཐུན་མོང་གི་གཏན་ལ་འབེབས་བྱེད་དེ། ལུང་དེའི་བསྟན་བྱའི་གཏན་ཚིགས་གཅིག་དང་དུ་བྲལ་གྱི་རྟགས་དེའི་བསྒྲུབ་བྱ་ལ་ཡོངས་གཅོད་ཀུན་རྫོབ་ཀྱི་བསྒྲུབ་བྱ་དང་རྣམ་བཅད་དོན་དམ་གྱི་བསྒྲུབ་བྱ་གཉིས་སུ་བསྟན་པས་ངེས་སོ། དེ་ཡང་དེ་གཉིས་ཀས་རྣམ་བཅད་དོན་དམ་གྱི་བསྒྲུབ་བྱ་ལ་མཐུན་པར་གོང་གསལ་གྱི་ལུང་དེ་དག་གིས་གྲུབ་ལ། ཡོངས་གཅོད་ཀུན་རྫོབ་ཀྱི་བསྒྲུབ་བྱ་ནི། དེ་གཉིས་ཀས་མ་ཡིན་དགག་བྱེད་དེ་བདེན་དངོས་བཀག་ཤུལ་དུ་སྐྱེ་མཆེད་སྒྱུ་མ་ལྟར་ཡོངས་སུ་གཅོད་པ་ལའང་། རོལ་པ་སྐྱེ་མཆེད་པའི་ལུགས་སུ་“ཀུན་རྫོབ་རང་མཚན་བདེན་བདེན་པོ་གཅིག་ཡོད་པར་འདོད་”༡༡ཅེས་པ་ལྟར། ད་ལྟའི་སྣང་བའམ་འཇིག་རྟེན་ཡོངས་སུ་གྲགས་པར་མ་གཉེན་བུ་དང་ཡུལ་ཞིང་རྫས་སུ་སྣང་བ་འདི་དག་ཀྱང་རང་རང་གི་མཚན་ཉིད་དུ་གྲུབ་ཅིང་སྣང་བར་འདུག་པ་ཀུན་ཐ་སྙད་གྲགས་ངོ་ཙམ་མ་ཡིན་པར་དགེ་སྡིག་ལ་སོགས་རང་གི་རྒྱུ་རྐྱེན་མཐུན་པའི་རྟེན་འབྲེལ་ལས་གྲུབ་པར་ཡོངས་སུ་གཅོད་ཅིང་སྒྲུབ་པར་མངོན་པ་སྟེ། “བོན་རྣམས་རིག་ངོར་ཅིར་ཡང་མ་གྲུབ་ན། མ་གཉེན་བུ་ཡུལ་ཞིང་རྫས་ལ་སོགས་འདི་ལྟར་སྣང་བའི་དངོས་པོ་རྣམས་ཀྱང་མ་གྲུབ་པར་རིག་གོ་ཞེ་ན། འདི་ལྟར་སྣང་བའི་དངོས་པོ་རྣམས་ནི་དགེ་སྡིག་ལ་སོགས་ཀྱི་རྒྱུ་རྐྱེན་མཐུན་པའི་རྟེན་འབྲེལ་ལས་བྱུང་”༡༢ཞེས་པས་སོ།

དེའི་ཕྱིར་འདིར་“རིག་པའི་ངོ་ན་ཡོངས་གཅོད་མི་གནས་ཏེ། ཡོངས་སུ་བཅད་ན་ཡང་དག་ཏུ་འགྱུར་བའི་ཕྱིར་རོ།”༡༣ཞེས་པས་ཀུན་བྲལ་བས་སྐྱེ་མཆེད་པའི་ལུགས་ཀྱི་ཡོངས་གཅོད་ཀྱི་ཚུལ་འདི་ཉིད་ཡང་དག་གམ་དངོས་པོར་ཐལ་བར་བཞེད་དོ། ཀུན་བྲལ་བའི་ལུགས་སུ། གོང་དུ་དྲངས་པ་ལྟར་“སྟོབས་ཤུགས་ཀྱི་ཚད་མ་མེད་ཀྱང་། ཐ་སྙད་གྲགས་ངོ་ཙམ་དུ་མ་དཔྱད་པའི་སྣང་བ་རྫུན་པ་དག་རྟོགས་པའི་ཚད་མས་རྨི་ལམ་སྒྱུ་མ་ལྟ་བུར་སྒྲུབ་པ་དང་། མེད་དགག་ནམ་མཁའ་ལྟར་སྒྲུབ་པའི་ཚད་མ་ཡོད་”༡༤ཅེས་པས་སྐྱེ་མཆེད་པའི་ལུགས་ལྟར་ཐ་སྙད་གྲགས་ངོ་ཙམ་མ་ཡིན་པར་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྟོབས་ཤུགས་ལས་ཡོངས་སུ་བཅད་བྱ་དང་གཅོད་བྱེད་ཀྱི་རྣམ་གཞག་དེ་དག་གང་ཡང་མི་བཞེད་ཀྱང་། འདིར་སྣང་གི་སྐྱེ་མཆེད་སྣ་ཚོགས་རྣམས་ཐ་སྙད་གྲགས་ངོ་ཙམ་ལ་བརྟེན་ཏེ་རྨི་ལམ་སྒྱུ་མ་ལྟ་བུར་ཡོངས་སུ་བཅད་བྱ་དང་གཅོད་བྱེད་ཅི་རིགས་པ་སྒྲུབ་པས་འདི་ལྟའི་གཅོད་བྱེད་ཀྱི་ཚད་མ་ལའང་“གྲགས་པའི་ཚད་མ་”༡༥ཞེས་བྱ་བར་སྣང་ཡང་ངེས་པ་བཅད་པའི་གཏམ་ཡང་མ་ཡིན་པས་ཐུགས་སྣང་མཛད་པར་ཞུའོ། །

1 སྟོན་པ་གཤེན་རབ་ཀྱི་བཀའ། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༣༩)ལས་གསལ། (༢༠༠༥ )སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ལྔ་པའི་རྒྱུན་ལས་ཀྱིས་དེབ་གཟུགས་སུ་དཔར་དུ་བསྐྲུན།

2 གོང་མཚུངས། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༣༩)ལས་གསལ།

3 མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་། <<ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་>>གི་ངོས་(༡༡༥)ལས་གསལ། ། (༢༠༠༥ ) སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ལྔ་པའི་རྒྱུན་ལས་ཀྱིས་དེབ་གཟུགས་སུ་དཔར་དུ་བསྐྲུན།

4 འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་<<ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་>>གྱི་ངོས་(༡༨)ལས་གསལ། (༢༠༠༣) སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དེབ་གཟུགས་སུ་དཔར་དུ་བསྐྲུན།

5 གོང་མཚུངས། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༣༩)ལས་གསལ།

6 གོང་མཚུངས། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༤༠)ལས་གསལ།

7 མཆན་ཨང་(༥)དང་མཐུན་ནོ།

8 གོང་མཚུངས། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༤༠)ལས་གསལ།

9  གོང་མཚུངས། <<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༤༠)ལས་གསལ།

10 གོང་དུ་མཆན་ཨང་(༡)(༢)(༣)དེ་དག་ལ་སྟོན་པ་དང་རྗེ་མཉམ་མེད་དག་གི་ཐེག་འགྲེལ་ལས་དྲངས་པའི་ལུང་ཚིག་ལ་གཟིགས་པར་མཁྱེན།

11 གོང་མཚུངས། <<ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་>>གྱི་ངོས་(༡༨)ལས་གསལ།

12 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་<<ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བའི་>>ངོས་(༡༠༠-༡༠༡)བརགསལ།( ༢༠༠༨ )སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ཉེར་བརྒྱད་པའི་རྒྱུན་ལས་ཀྱིས་དེབ་གཟུགས་སུ་དཔར་དུ་བསྐྲུན།

13 གོང་མཚུངས།<<ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་>>གྱི་ངོས་(༤༠)ལས་གསལ།

14གོང་དུ་མཆན་ཨང་(༤)ལ་གཟིགས།

15 གོང་མཚུངས།<<ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་>>གྱི་ངོས་(༣༥)ལས་གསལ།

འགོ་པ་གཡུང་དྲུང་ཡོན་ཏན། བཞུགས་གནས། རྒྱ་གར། སྨན་རིའི་གླིང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *