༓ མཆོད་རྟེན་གྱི་བརྡ་དོན་བཤད་པ།

རྩོམ་ཡིག་འདི་ཐེངས། 807 བཀླགས་འདུག

སྲིད་པའི་དུག་མཚོར་བྱང་བའི་མ་རྒན་རྣམས།།

མྱང་འདས་དགའ་བདེའི་ཚལ་དུ་བཀྲིད་པའི་ཐབས།།

རྒྱལ་བའི་གསང་གསུམ་དངོས་དང་དབྱེར་མེད་པའི།།

བདེར་གཤེགས་རྟེན་གསུམ་རྣམས་ལ་ཕྱག་འཚལ་ལོ།།

འདིར་བཤད་པར་བྱ་བ་ནི་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ལས་བྱུང་བ་ལྟར་མཆོད་རྟེན་གྱི་བརྡ་དོན་ཅུང་ཞིག་བཀྲལ་བ་ལ། དེ་ཡང་མཛད་མདོ་ལས་བྱུང་བའི་ཚུལ་དང་། གཡུང་དྲུང་ལས་དག་དང་རབ་གནས་གཞུང་གཉིས་ལས་བྱུང་ཚུལ་ལོ། །དང་པོ་མཆོད་རྟེན་གྱི་བརྡ་དོན་སྦྱར་ཚུལ་མཛད་མདོ་ལྟར། ཕྱི་ནང་གསང་གསུམ། དང་པོ་ཕྱི་ལ་སྣོད་དང་བཅུད་ལ་སྦྱར་ཚུལ་གཉིས། ནང་ལ་ཞི་རྒྱས་དབང་དྲག་དང་། ལས་བཞི་རྒྱུན་ཀྱི་ལྷ་དང་སྦྱར་ཚུལ་གཉིས། གསང་བ་ལྟར་ན་ཐེག་པ་རིམ་པ་དགུ་དང་ཕྱི་ནང་གསང་གསུམ་གྱི་བོན་དང་སྦྱར་ཚུལ་ལོ།། ༧ དང་པོ་ལ་སྤྱི་སྒོས་གཉིས་ལས་སྤྱི་རུ་སྟོང་གསུམ་དང་སྦྱར་ཚུལ་ནི། འདིར་ཡིག་ཚོགས་ལ་འཇིགས་ཏེ་ལུང་འདྲེན་བཞག་ནས་དོན་ཇི་བཞིན་བཀོད་པ་ལ། ཕྱི་ཡི་ལྕགས་རི་དང་ཕྱི་འཁྱམས་བཅས་སྟོང་གསུམ་མཐར་ཐུག་དང་སྦྱར། ཁྲི་འཕང་རིམ་བཞི་དང་། ཕྱི་རྩིག བར་འཁྱམས་བཅས་སྟོང་གཉིས་པར་སྦྱར། དབུས་ཀྱི་གཙང་ཁང་དང་། ཐོག་ཕུབ་ཡང་ཕུབ་རྩིག་པ་རྣམས་སྟོང་དང་པོར་སྦྱར་རོ།། ༧ གཉིས་པ་སྒོས་ལ་ཚངས་རྒྱུང་འཇིག་རྟེན་དང་སྦྱར་ཚུལ་ནི། གཞི་རྨང་ཁྲི་འཕང་རིམ་ལྔ་༼འདི་ནི་ས་གཞིའི་འོག་གི་འབྱུང་རྩིག་ལ་གོ་དགོས༽འོག་གཞིའི་འབྱུང་ལྔ་དང་སྦྱར། དེའི་སྟེང་ལྕགས་རི་དང་ཕྱི་འཁྱམས་བཅས་གླིང་བཞི་གླིང་ཕྲན་བརྒྱད་དང་སྦྱར། དེ་སྟེང་ཁྲི་འཕང་རིམ་བཞི་རི་བདུན་དང་རོལ་མཚོར་སྦྱར། དེ་སྟེང་རི་རབ་ཀྱི་ལོགས་བཞི་དང་སྒོ་བཅས་རི་རྒྱལ་ལྷུན་པོར་སྦྱར། དེ་སྟེང་རྟ་བབ་རིམ་བཞི་རི་རབ་བང་རིམ་བཞི་དང་། ཡ་གད་དང་འཕྱང་འཕྲུལ་ཟར་ཚགས་སོགས་ལྷ་མིན་གནས་དང་སྦྱར། བུམ་པ་རྣམ་རྒྱལ་ཁང་བཟང་དང་། བྲེ་སྲོག་ཤིང་འཁོར་ལོ་ཆར་ཁེབས་བཅས་རིམ་བཞིན་དཔག་བསམ་ཤིང་དང་། ཨར་མོའི་ལི་ཀའི་རྡོ། ཨུད་འབར་མེ་ཏོག མཚལ་རི་ལྷ་ཡི་མདུན་ས་བཅས་བཞི་དང་། ཡང་ན་ཕྱི་ཡི་ཚལ་བཞི་དང་སྦྱར། དེ་སྟེང་ཏོག་དང་བྱ་རི་ནི་སྲིད་གསུམ་གྱི་རྩེ་མོར་ལྡིང་བའི་ཁྱུང་དང་། དར་དཔྱང་ནི་ཤེལ་གྱི་ཏོག་ཆེན༼འདི་ནི་ཅོག་ཆེན་བཞི་མིན་ནམ་སྙམ༽བཞི་དང་སྦྱར་རོ།། ༧ གཉིས་པ་ནང་བཅུད་ལ་སྦྱར་བ་ལ། གཞི་རྨང་ནི་ངན་སོང་གསུམ་དང་། གསེར་གྱི་ས་གཞི་ནི་མི་དང་། མཐའ་ཡི་ལྕགས་རི་ཕྱོགས་སྐྱོང་བཅུ་ཡི་གླིང་དང་སྦྱར། ཁྲི་འཕང་རིམ་བཞི་ནི་རི་བདུན་རོལ་མཚོའི་ལྷ་ཀླུ་དང་། འཁོར་བསྒྱུར་བདུན༼རི་བདུན་ལ་གནས་པའི་རྒྱལ་པོ༽བཅས་ལ་སྦྱར། དེ་སྟེང་རི་རབ་ཀྱི་ལོགས་བཞི་ནི་ལྷ་མིན་གྱི་རྒྱལ་པོ་ལྔ་དང་། ཡ་གད་ཟར་ཚགས་སོགས་མཁའ་ལ་རྒྱུ་བའི་ཚོགས་དང་སྦྱར། རྟ་བབ་རིམ་བཞི་ནི་གཞོང་ཐོག་དང་། ཕྲེང་ཐོག དབྱུག་ཐོག རྟག་མྱོས་ཀུ་མ་ར་བཅས་བཞི་དང་། ཡང་ན་རྒྱལ་ཆེན་རིགས་བཞིར་སྦྱར། བུམ་པ་རྩ་གསུམ་གྱི་ལྷ་དང་། མགུར་ཆུར་གསེར་གྱིས་སྤྲས་པ་ཚལ་བཞིའི་ལྷ་དང་། ལྷ་མིན། གནོད་སྦྱིན། ཕྱྭ། རྒྱལ་པོ། བདུད་སོགས་ལ་སྦྱར། བྲེ་ནི་འཐབ་བྲལ་ནས་གཞན་འཕྲུལ་དབང་བྱེད་མན་ལ་སྦྱར། འཁོར་ལོ་བཅུ་གསུམ་ནི་བསམ་གཏན་རིགས་བཞིའི་ལྷ་དང་སྦྱར། ཆར་ཁེབས་གཙང་མ་རིགས་ལྔའི་ལྷ་དང་། ཆར་ཁེབས་ཀྱི་རྒྱན་རྣམས་གཟུགས་མེད་སྐྱེ་མཆེད་མུ་བཞིར་སྦྱར། དེ་སྟེང་ཏོག་དང་བྱ་རུ་བྱ་གྲི་བཅས་གནས་རིས་ཆེན་པོ་བཞི༼ཁམས་གསུམ་ལས་འདས་པའི་རྫོགས་སྐུའི་ཞིང་ཁམས༽དང་སྦྱར་རོ།། ༧ གཉིས་པ་ནང་ལྟར་སྦྱར་བ་ལ། གཞི་རྨང་ཁྲི་འཕང་རིམ་ལྔ་འཇིག་རྟེན་གཏོས་ཀྱི་ལྷ་དང་སྦྱར། ཕྱི་རིམ་ལྕགས་རི་ནི་ཕྱོགས་སྐྱོོང་བཅུ་དང་རྒྱལ་ཆེན་བཞི་སོགས་ལ་སྦྱར། ཕྱོགས་བཞིའི་ཟླ་གམ་གླིང་བཞི་འཇིག་རྟེན་གྱི་དཔལ་མགོན་ཚོགས་དང་སྦྱར། དེ་དབུས་ཁྲི་འཕང་རིམ་བཞི་འབྱུང་བཞིའི་ལྷ་དང་སྦྱར། རི་རབ་ཀྱི་ལོགས་བཞི་ནི་ཤར་ཞི་བ། བྱང་རྒྱས་པ། ནུབ་དབང་། ལྷོ་དྲག་པོ། དབུས་རྒྱུན་གྱི་ལྷ་དང་སྦྱར། དེ་སྟེང་ཡ་གད་ཟར་ཚགས་སོགས་སྤྲུལ་པའི་སྐུ་དང་། རྟ་བབ་བང་རིམ་བཞི་ལོངས་སྤྱོད་རྫོགས་པའི་སྐུ། བུམ་པ་ཟླུམ་པོ་སྐྱེ་མེད་བོན་སྐུ་དང་སྦྱར། མགུར་ཆུར་གསེར་གྱིས་བསྐོར་བ་ལྷ་ལྔ། སྐུ་ལྔ། གསས་ལྔ། རིགས་ལྔ། སྟོབས་ལྔ། རྫུ་འཕྲུལ་ལྔ་བཅས་ལ་སྦྱར། བྲེ་ནི་སྐུ་བཞི་རྫོགས་པའི་ལྷ་དང་། སྲོག་ཤིང་དབྱིངས་ཀྱི་ཡུམ་དང་། འཁོར་ལོ་བཅུ་གསུམ་ས་བཅུ་གསུམ་དང་སྦྱར། ཆར་ཁེབས་ཤེས་རབ་ཕུལ་ཕྱིན་ཤེས་རབ་དང་། ཏོག་ནི་གཤེན་ལྷ་དང་། བྱ་རུ་སྲིད་པ་སངས་པོར་སྦྱར། གཞུང་ལས་བྱ་གྲིའི་སྦྱར་ཚུལ་མ་གསལ། ༧ གསུམ་པ་གསང་བའི་སྦྱར་ཚུལ་ལ་གཉིས་ལས། ཐོག་མར་འཁོར་འདས་ཀྱི་བོན་དང་སྦྱར་ཚུལ་ནི། གཞི་མའི་ས་གཞི་ནི་གཞི་བོན་ཉིད་དང་། ལྕགས་རི་བོན་ཅན་ཚོགས་དང་སྦྱར། ཁྲི་འཕང་དང་པོ་ཕུང་པོ་ལྔ་དང་། ཁྲི་འཕང་གཉིས་པ་ཚོགས་དྲུག་གི་ཡུལ་དྲུག་དང་། ཁྲི་འཕང་གསུམ་པ་རྣམ་ཤེས་དྲུག་དང་། ཁྲི་འཕང་བཞི་བ་རྐྱེན་ཚོར་དྲུག་དང་། ཁྲི་འཕང་ལྔ་པ་འབྱུང་ལྔ་དང་། ཁམས་དྲུག་ལ་སྦྱར། རི་རབ་དང་། གཞལ་ཡས་ཁང་། ཕྱི་ནང་གི་འཁྱམས་སོགས་རྟེན་འབྲེལ་བཅུ་གཉིས་དང་སྦྱར། འདིའི་མན་འཁོར་བའི་བོན་ནོ།། ཡ་གད་འཕྱང་འཕྲུལ་ཟར་ཚགས་སོགས་ཕར་ཕྱིན་བཅུ་དང་སྦྱར། རྟ་བབ་རིམ་པ་བཞི་དྲན་པ་ཉེར་བཞག་དང་། ཡང་དག་སྤང་བ། རྫུ་འཕྲུལ་རྐང་བཞི། དབང་པོའི་ཚོགས། ཤེས་བཅུ་རྣམ་པར་གྲོལ་བའི་ཚོགས་དང་སྦྱར། བུམ་པ་སྟོང་ཉིད་བཅོ་བརྒྱད་དང་སྦྱར། བྲེ་ནི་གཤེན་རབ་ཀྱིི་ལམ་བཞི་དང་། སྲོག་ཤིང་ཐར་པའི་ལམ་བཅུ་གཉིས་སམ་ཡང་ན་ཐར་ལམ་བརྒྱད་དང་སྦྱར། འཁོར་ལོ་བཅུ་གསུམ་མི་འཇིགས་པའི་སྟོབས་དང་སྦྱར། ཆར་ཁེབས་ཏོག་དང་བྱ་རུ་དར་རྒྱན་སོགས་༼གཞུང་གཞན་ལས། ཆར་ཁེབས་ཚད་མེད་བཞི་དང་། བྱ་རུ་ཐབས་ཤེས་གཉིས། ཏོག་བོན་སྐུ། བྱ་གྲི་ཡེ་ཤེས་ཆེན་པོ་ཉིད་ལ་སྦྱར་ཡོད།༽ཡང་དག་པར་སངས་རྒྱས་ནས་གཞན་དོན་གང་ལ་གང་འདུལ་དུ་འབྱུང་བར་སྦྱར་རོ།། ༧ གཉིས་པ་ཐེག་རིམ་དང་སྦྱར་ཚུལ་ནི། གཞི་མ་གསེར་གྱི་ས་གཞི་ཁམས་གསུམ་འཁོར་བའི་ས་དང་སྦྱར། གཞི་རྨང་ཁྲི་འཕང་རིམ་བཞི་ཕྱྭ་སྣང་འཕྲུལ་སྲིད་བཞི་དང་སྦྱར། མཐའ་སྐོར་ལྕགས་རི་དང་། ཟླ་གམ་གླིང་བཞི། རི་རབ་བཅས་ཚོགས་ལམ་བཅུ་གཉིས་དང་། ས་དང་པོ། དགེ་བསྙེན་ཐེག་པ་བཅས་ལ་སྦྱར། དེ་སྟེང་ཡ་གད་ཟར་ཚགས་དང་། རྟ་བབ་རིམ་བཞི་བཅས་སྦྱོར་ལམ་རིགས་བཞི་དང་། ས་གཉིས་པ་དང་གསུམ་པ། དྲང་སྲོང་ཐེག་པ་བཅས་ལ་སྦྱར། དེ་སྟེང་བུམ་པ། བྲེ། སྲོག་ཤིང་། སྟོབས་འཁོར་བཅུ་གསུམ་བཅས་མཐོང་ལམ་དང་། ས་བཞི་པ་ནས་བརྒྱད་པའི་བར་དང་། ཨ་དཀར་ཐེག་པའི་དོན་དང་སྦྱར། དེ་སྟེང་ཆར་ཁེབས། བྱ་རུ། ཏོག དར་དཔྱང་སོགས་སྒོམ་ལམ་དང་། ས་དགུ་པ་དང་བཅུ་པ། ཡེ་གཤེན་ཐེག་པའི་དོན་བཅས་ལ་སྦྱར། མཆོད་རྟེན་སྟེང་གི་ནམ་མཁའ་སྟོང་པ་ནི། མི་སློབ་ལམ་དང་། ས་བཅུ་གཅིག་ནས་བཅུ་གསུམ་བར། བླ་མེད་ཐེག་པའི་དོན་བཅས་ལ་སྦྱར་རོ།།

གཉིས་པ་གཡུང་དྲུང་ལས་དག་དང་རབ་གནས་གཞུང་ལྟར་གྱི་བརྡ་དོན་ནི། གཡུང་དྲུང་ལས་དག་ལས། རྨང་གཞི་མི་འགྱུར་གཡུང་དྲུང་མཁའ་ཀློང་ཡངས། མཁའ་ཀློང་དབྱིངས་ཀྱི་ལྷ་དང་གཉིས་སུ་མེད། ཅེས་པ་རྨང་ནི་བོན་གྱི་དབྱིངས་དགུ་དང་། མཁའ་ཀློང་དབྱིངས་ཀྱི་ལྷ་སྟེ་དབྱིངས་ཡུམ་དང་སྦྱར། ཁྲི་འཕང་དང་པོ་ནས་བཞི་བའི་བར་འབྱུང་བ་བཞི་དང་། འབྱུང་བཞིའི་ལྷ་བཞིར་སྦྱར། རི་རབ་ནི་སྐུ་ལྔ་དང་ཕུང་པོ་ལྔར་སྦྱར། རི་རབ་གྱི་ཟུར་བཞི་ནི་རྒྱལ་ཆེན་བཞི་དང་། ལོགས་བཞི་ནི་དུས་བཞི་རྒྱལ་མོ་བཞི་དང་སྦྱར། བང་རིམ་དང་པོ་ནི་དགེ་བ་བཅུ་དང་། ཀླུ་ཆེན་བརྒྱད་དང་སྦྱར། བང་རིམ་གཉིས་པ་ཁྲིམས་སུམ་བརྒྱ་དྲུག་ཅུ་དང་། ལྷ་ཆེན་བརྒྱད་ལ་སྦྱར། བང་རིམ་གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། ཕྱོགས་སྐྱོང་བཅུ་ལ་སྦྱར། བང་རིམ་བཞི་པ་ནི་ཤེས་བཅུ་རྣམ་པར་གྲོལ་བའི་ཚོགས་དང་། དབང་གི་ལྷ་བཅུའི་སྐུ་དང་སྦྱར་། མགུལ་ཆུ་ནི་ཏིང་འཛིན་གྱི་ཕུང་པོ་དང་། ཡེ་ཤེས་བརྒྱད་ཅུའི་སྐུ་དང་སྦྱར། བུམ་པ་ནི་སྟོང་ཉིད་བཅོ་བརྒྱད་དང་། དབྱིངས་ཀྱི་ལྷ་མོ་བཅུ་དྲུག་གི་སྐུ་དང་སྦྱར། བྲེ་ནི་གཤེན་རབ་གྱི་ལམ་བཞི་དང་། གཅོད་སྦྱོང་ལྷ་བཞིའི་སྐུ་ལ་སྦྱར། སྲོག་ཤིང་ནི་ཐར་པའི་ལམ་བརྒྱད་དང་། ཟུར་བཞི་བ་རབ་གླིང་བཞི། བ་རབ་གླིང་རྩོལ། ཁྲི་རྨང་གཤེན་ཆེན། ལྡེ་བོ་གསུང་ཆེན་བཞི་དང་། ལོགས་བཞི་ནི་ཁྲི་བཞི་ནམ་ཏིང། ཁ་སྟེ་མུ་ཡ། ཐང་མ་མེ་སྒྲོན། ཡེ་གཤེན་གཙུག་ཕུད་བཞི་ལ་སྦྱར། འཁོར་ལོ་ནི་མི་འཇིགས་པའི་སྟོབས་བཅུ་གསུམ༼ཡེ་ཤེས་ཆེན་པོའི་སྟོབས། བརྩོན་འགྲུས། འདུལ་ཁྲིམས་ཆེན་པོ། སྦྱིན་པ། ཐུགས་རྗེ། ཡངས་པ། ཞི་བ།  ལྟ་བ། བཟོད་པ། རིག་པ། ཤེས་རབ། རྩལ་ཤུགས། བསམ་གཏན་ཆེན་པོའི་སྟོབས་དང་བཅུ་གསུམ་མོ།༽ དང་། འཁོར་ལོ་དང་པོ་ནས་ཡར་རིམ་བཞིན་ཕྱག་རྒྱ་གྲོལ་མ། ཐམས་ཅད་སྨིན་མ། དབང་དུ་སྡུད་མ། སྐྱེ་དགུ་འཕེལ་མ། རྫུ་འཕྲུལ་ལྡན་པའི་སྐུ། ཐུགས་རྗེ་བྱམས་མ། དབལ་སོ་ཡ་མ། ས་ཏྲིག་ཨེར་སངས། བཟོད་པ་བྱམས་མ། སྟོབས་ཀྱི་བྱམས་མ། བརྩོན་འགྲུས་བྱམས་མ། ཐུགས་རྗེ་བྱམས་མ། སྲིད་པ་རྒྱལ་མོ་བཅས་ལྷ་མོ་བཅུ་གསུམ་གྱི་སྐུ་དང་སྦྱར་རོ། །ཆར་ཁེབས་ནི་བོན་གྱི་སྐུ་ལས་བྱུང་བའི་ཐུགས་རྗེ་བཞི་དང་། ཤར་ནས་རིམ་བཞིན་གསས་རྗེ་རྨང་པོ་དང་། གནམ་གསས་དབྱིངས་རུམ། གར་གསས་བཙན་པོ། རྒོད་གསས་ཁམས་པའི་སྐུ་དང་སྦྱར། ༼གཡུང་དྲུང་ལས་དག་ལས་རྫུ་འཕྲུལ་ཉི་ཤུའི་སྐུ་ལ་སྦྱར་འདུག༽་བྱ་རུ་ནི་ཐབས་དང་ཤེས་རབ་དང་། ཆེན་པོ་ཡབ་ཡུམ་གཉིས་ཀྱི་སྐུ་དང་སྦྱར། ༼གཡུང་དྲུང་ལས་དག་ལས་ཀུན་སྣང་ཡབ་ཡུམ་གྱི་སྐུར་སྦྱར།༽ཏོག་ཆེན་ནི་བོན་གྱི་སྐུ་དང་། གཤེན་ལྷ་དཀར་པོའི་སྐུར་སྦྱར། བྱ་གྲི་ནི་ཡེ་ཤེས་ཆེན་པོ་སྟེ་འཁོར་འདས་ཤེས་བྱ་ཀུན་ལས་ཡེ་ཤེས་ཆེན་པོ་ཉིད་རྩེ་རུ་ཆིབས་པའམ་རྩེ་མོ་བྱུང་རྒྱལ་དུ་གནས་པ་དང་། གཤེན་ལྷ་འོད་དཀར་སྐུ་དང་གཉིས་སུ་མེད་ཅེས་གསུངས་སོ།། །།

སྐུ་གདུང་རྣམ་བཤད་མཐའ་མེད་རིག་པའི་ཐང་།།

བློ་ཆུང་འགྲོས་ཀྱིས་ཆོད་པའི་ཡུལ་མིན་མོད།།

 གྲོགས་ཀྱི་བསྐུལ་མའི་འབྲེང་ལྕག་ཚ་དྲགས་པས།།

མ་བཟོད་འདུར་རྒྱུགས་རྐང་རྗེས་འདི་ཉིད་ཕབ།།

འོན་ཀྱང་གཞུང་ལུགས་དྲི་མེད་པད་མའི་མདངས།།
འགལ་འཁྲུལ་འདམ་གྱིས་སྦགས་པའི་སྐྱོན་མཆིས་ན།།

སྟོབས་བཞིའི་བདུད་རྩིའི་ཆར་གྱིས་བཀྲུས་དང་ལྷན།།

རང་མཉམ་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག།

ཅེས་པ་འདི་ལྟར་མྱུར་དུ་བྲིས་ཤིག་ཅེས་ནུབ་གླིང་མེག་སི་ཀོ་ Mexico ནས་བོན་གྲོགས་དགེ་བཤེས་བསྟན་འཛིན་ཡེ་ཤེས་ཀྱིས་གློག་འཕྲིན་བརྒྱུད་ལན་མང་བསྐུལ་བར་བརྟེན་ནས་ཁྱུང་བཙུན་ཚངས་པ་བསྟན་འཛིན་གྱིས་རྒྱུད་ལས་བཏུས་ཏེ་ཕུལ་བའོ།།

དཔོན་སློབ་ཚངས་པ་བསྟན་འཛིན། བཞུགས་ཡུལ། བལ་ཡུལ། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *