༓ ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བརྗོད།
རྩོམ་ཡིག་འདི་ཐེངས། 4985 བཀླགས་འདུག
གསུང་རྩོམ་གྱི་གླེང་བརྗོད།
/
སྐབས་དོན་གླེང་བར་བྱ་བ་ནི༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་གསུངས་པའི་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་དེབ་འདིའི་སྐོར་ཡིན། ཁོ་བོ་མི་ལོ་བཅུ་ཕྲག་ལྷག་ཙམ་གྱི་རིང་༧སྐྱབས་རྗེ་སློབ་དཔོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་འོག་ཕྱི་ནང་ཡུལ་གྲུ་མང་པོར་ཞབས་ཞུ་དང་ཉེ་བར་གནས་པའི་གོ་སྐབས་ཐོབ་པར་བརྟེན། དེས་ན་ཁོང་གི་མཛད་འཕྲིན་དང་མཁྱེན་ཡོན་ལ་ཆ་རྒྱུས་གང་འཚམས་ཡོད་པས་མཁྱེན་ལྡན་རྩོམ་སྒྲིག་པའི་རེ་བསྐུལ་ཇི་བཞིན་བདག་གིས་ཀྱང་དེབ་ཆུང་འདིར་ངོ་སྤྲོད་དམ་གསལ་བཤད་ཐུང་ངུ་ཞིག་ཞུ་རྒྱུའི་ཁས་ལེན་བྱས། ཞབས་ཕྱིར་བསྐྱོད་སྐབས་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་དུ་གནས་པའི་རིན་པོ་ཆེའི་དངོས་སློབ་དུ་གཏོགས་པ་ཕྱི་ནང་མི་རིགས་མང་པོ་ཞིག་གིས་རིན་པོ་ཆེར་ཐུགས་ཁོམ་བྱུང་སྐབས་གསུང་རྩོམ་རེ་མཛད་རོགས་ཞེས་ཞུ་བ་ནན་གྱིས་བསྐུལ་བ་དག་གིས་ཡང་ཡང་ཐོས་མོད། རིན་པོ་ཆེ་མཆོག་གིས། བོན་པོ་ཚང་ལ་གསུང་རྩོམ་ལེགས་བཤད་གྲངས་མི་མང་ན། མི་ཉུང་བའི་སྐྱོན་ཞིག་ཡོད་པ་མ་རེད། ཅེས་དང་། གསར་རྩོམ་མམ་བསྐྱར་བཟློས་འདྲ་བྱེད་པ་ལས་སྔོན་ཡོད་བོན་གཞུང་རྣལ་མ་རྣམས་ལ་དོ་སྣང་དང་དཔེ་གཟིགས་ཡག་པོ་ཞིག་གནང་ཐུབ་ན་དེས་མ་འཐུས་པ་ཞིག་ཡོད་པ་མ་རེད། ཅེས་གསུངས་པ་ཡང་ཡང་ཐོས་མྱོང་། དེ་ཡང་། རྨེའུ་ཡི་མཁས་པ་དཔལ་ཆེན་པོས་ཀྱང་། གྲྭ་སློབ་འཁོར་བཅས་ལ། འདའ་ཁའི་ཞལ་གདམས་སུའང་། ༼ངེད་ཅག་བོན་པོ་འདི་ལས་ཞན་པ་མེད། བོན་སྒྲུབ་ཐག་ཉེ་ལ་བྱིན་རླབས་མྱུར་བ་འདི་འདྲ་ཁོ་ན་འདུག་ན་གྲུབ་ཐོབ་ཀྱིས་རྒྱལ་ཁམས་འགེངས་པར་འདུག་སྟེ། རང་རེ་འདྲ་བ་བསྒྲུབ་མི་ནུས་ཐོས་བསམ་བྱེད་མི་ནུས་པ་ཐར་པ་ཐོབ་ཏུ་རེ་བ་ཡ་ཆ་ཆེ།༽ཞེས་གསུངས་པ་སོགས་ཀྱིས་ལུང་འདྲེན་ཀྱང་གནང་བཞིན་ཡོད། ཡིན་ན་ཡང་། རིན་པོ་ཆེ་མཆོག་གིས་ལོ་མང་རིང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མང་པོར་གཞན་ལ་འཆད་ཁྲིད་དང་གཟིགས་པའི་ཉམས་མྱོང་ཁྲོད་སློབ་གཉེར་བ་དག་གིས་གཞུང་ཚིག་ལ་གོ་བ་ལེན་དཀའ་བའི་རིགས་ཟུར་འདོན་དང་མཆན་འགྲེལ་གནང་བའི་ལེགས་སྐྱེས་རིན་ཆེན་གསེར་གྱི་ཕྱེ་མ་གླང་པོ་ཆེའི་སྒལ་བས་ཀྱང་མི་ཐེག་པ་ལྟ་བུ། ༼བོན་གྱི་ཚིག་མཛོད་ཆེན་མོ༽ཞེས་ད་ལྟའི་ཆར་ཤོག་ངོས་༣༠༠༠མ་ཟིན་ཙམ་གྱི་བདག་ཉིད་ཅན་ལེགས་བཤད་རྨད་དུ་བྱུང་བ་ཞིག་འགྲུབ་ལ་ཉེ་བ་ནི་ངེད་བོན་འབངས་སྤྱི་དང་། སྒོས་སུ་ཤར་ལྷོ་ནུབ་བྱང་གང་སར་གནས་པའི་སློབ་གཉེར་བ་རྣམས་དང་། ཡང་སྒོས་སུ་གནའ་རབས་གངས་ཅན་བོད་ཀྱི་ལོ་རྒྱུས་དང་བོན་གྱི་རིག་གཞུང་སྐོར་ལ་ཞིབ་འཇུག་བྱེད་པའི་མི་རྣམས་ལ་མཚོན་ན། དགའ་འོས་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད། སྤྱིར་དཔྱད་དེབ་ཅིག་ལ་གླེང་བརྗོད་དམ་གསལ་བཤད་འབྲི་སྐབས་དེབ་དེའི་ནང་གི་བརྗོད་དོན་ཁག་ལ་ཞིབ་བསྡུར་འདྲ་བྱ་བའི་ལུགས་སྲོལ་མཆིས་ན་ཡང་། ཁོ་བོའི་བསམ་བློར་གཙོ་བོ་དེབ་དེ་བཀླག་རྗེས་ཀློག་པ་པོ་རྣམས་ལ་བློ་བསྐྱེད་གང་ཐོབ་པ་དག་ཞིབ་གླེང་བྱ་དགོས་པའི་གནད་དུ་མཐོང་སྟེ་ད་ལམ་ཁོ་བོས་རེ་རེ་བཞིན་གླེང་བའི་དགོས་པ་མ་མཆིས། གཙོ་བོ་དཔྱད་དེབ་འདིར་རྩོམ་རིགས་མི་འདྲ་བ་རིགས་ཁ་ཤས་ཡོད་པ་ནས། བརྗོད་བྱ་རིན་ཆེན་ནོར་བདུན་གྱི་གྲངས་སུ་ངེས་པ་སྟེ། ༧གོང་ས་མཆོག་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཕེབས་སྐབས་འཕྲལ་དུ་བརྩམས་གནང་བའི་བརྟན་བཞུགས་མཎྜལ་གྱི་བཤད་པ་སྐལ་བཟང་རྣ་བའི་བཅུད་ལེན་ཞེས་བོད་ ཕྱི་ནང་ཀུན་ཏུ་མཚན་སྙན་འབར་བའི་ལེགས་བཤད་དེ་དང་། བོད་ཀྱི་ཡི་གེའི་ཕྱི་མོ་ཞང་ཞུང་ལ་ཐུག་པའི་བསྐོར་གཏན་ཚིགས་དང་བཅས་བརྗོད་པ་བོད་ཡིག་གི་འབྱུང་གཞིར་དཔྱད་པ་དང་། བོད་མི་སྐྱ་སེར་ཀུན་གྱིས་ལོངས་སུ་སྤྱོད་བཞིན་པའི་ཐུགས་དམ་འཕྲེང་བའི་རྣམ་བཤད་གཞུང་དོན་ལྟར་སྤེལ་བ། བོན་ཞེས་པའི་གོ་དོན་ལ་དཔྱད་པ། ཞང་ཞུང་གི་ཤེས་རིག་སྐོར་རགས་ཙམ་གླེང་བ། མུ་ཁྲི་བཙན་པོའི་སྐོར་རགས་ཙམ་གླེང་བ། གནའ་རབས་བོན་དང་ཧི་མ་ལ་ཡའི་འབྲེལ་བའི་སྐོར་སོགས་རེད། གསལ་བཤད་ཞུ་རྒྱུར་འདིར་བཀོད་པའི་དཔྱད་རྩོམ་རིགས་༧སྐྱབས་རྗེ་མཆོག་གིས་བསླབ་པ་དོན་དུ་གཉེར་སྐབས་བྲིས་པ་ཤ་སྟག་ཡིན་པ་མཁྱེན་པར་མཛོད།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོས།
།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་གསུང་དེབ་མངག་བླུ་གནང་མཁན་ཚོས་རྒྱ་གར་སྨན་རིའི་དགོན་དུ་བཞུགས་པ་སྐུའི་གསོལ་དཔོན་ཡང་སྟོན་ཟླ་བ་བསྟན་འཛིན་ལགས་སུ་འབྲེལ་བ་གནང་རོགས་ཞུ། །
།
བསམ་ཚུལ་ཕྲིས།